ལི་ཆང་གིས་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་གྲོས་མོལ་གནང་བ།

2025-11-24
456

ས་གནས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཙན་པི་ཡའི་སྲིད་འཛིན་གཞུང་ཤག་ཏུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་གྲོས་མོལ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཙན་པི་ཡའི་སྲིད་འཛིན་གཞུང་ཤག་ཏུ་ཙན་པི་ཡའི་སྲིད་འཛིན་ཞི་ཆི་ལའེ་མ་དང་གྲོས་མོལ་གནང་།

ལི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཞི་ཆི་ལའེ་མར་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་བྱས། ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡ་ནི་སྤུན་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན། ན་ནིང་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་རིང་ཐུག་འཕྲད་གནང་ནས། ཀྲུང་ཙན་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་ཆེད་འཆར་འགོད་མཛུབ་ཁྲིད་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཙན་པི་ཡའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལེགས་པོ་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཙན་པི་ཡ་རུ་ལག་ལེན་བསྟར་བ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། གཏེར་ལས་དང་ནུས་རྒྱུ་གསར་པའི་རླངས་འཁོར། མིས་བཟོས་རིག་ནུས་སོགས་ཐོན་ལས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་དང་ཞིང་ལས། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་དམངས་འཚོ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱིས་ཀྲུང་གོ་དང་ཙན་པི་ཡ་མཉམ་ལས་ལ་ཐོབ་པའི་ཚོར་སྣང་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས2026ལོའི"ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ"གོ་སྐབས་སུ་བརྩིས་ནས། རིམ་པ་ཁག་གི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དམངས་སེམས་རྨང་གཞི་བརྟན་པོ་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་ཁྲིམས་འཛིན་དང་ཉེན་དོན། ཁྲིམས་བསྟར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཐན་ཙན་ལྕགས་ལམ་ལ་གསོན་ཤུགས་བསྣོན་རྒྱུ་ནི་ཀྲུང་གོ་དང་ཐན་སང་ཉི་ཡ། ཙན་པི་ཡ་རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པས། ཕྱོགས་གསུམ་གྱིས་སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་ཐུན་མོང་ཐོག་ཡག་པོར་བསྐྲུན་ནས། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རྗེས་མཐུད་ཀྱི་ཕྱོགས་བསྡུས་གསར་སྤེལ་ཐུན་མོང་ཐོག་ཡག་པོར་བསྒྲུབས་ནས་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བར་སྐུལ་ཁྲིད་བྱ་དགོས། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ཇེ་ཆེར་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་མ་ལག་དང་འཛམ་གླིང་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་ཐེབས་བཞིན་ཡོད། ཀྲུང་ཙན་གྱིས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་དང་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་དགོས། 

ཞི་ཆི་ལའེ་མ་ཡིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞི་ཆི་ལའེ་མ་ཡིས་བསྟན་དོན། ཙན་པི་ཡ་དང་ཀྲུང་གོའི་མཛའ་གྲོགས་ཡུན་རིང་སྲ་བརྟན་དུ་ཕྱིན་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་གྲས་ཀྱིས་དངོས་སུ་བསྐྲུན་པ་ཞིག་རེད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཙན་པི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱིས"ཐའེ་ཝན་རང་བཙན"ཁ་བྲལ་ལ་ལ་ངོ་རྒོལ་དང་རྒྱལ་ཁབ་གཅིག་གྱུར་གྱི་དྲང་བདེན་བྱ་གཞག་ལེགས་འགྲུབ་བརྩོན་ལེན་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། ཉོ་ཚོང་དང་མ་འཇོག གཏེར་རྫས། ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཐན་ཙན་ལྕགས་ལམ་རྗེས་མཐུད་ལས་དོན་ཡག་པོར་བྱབསྒྲུབས་ཏེ། ལྕགས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། ཙན་པི་ཡ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད། ཙན་པི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལ་བསྔགས་བརྗོད་ཆེན་པོ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། 

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐུན་མོང་ཐོག"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་དང་། མི་སྣ་འགྲོ་འོང་དང་ལྗང་མདོག་གཏེར་རྫས། གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་བ་རེད། །


  • 顶