
ས་གནས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཙན་ཏིན་ཧྲ་ཐི་ཨར་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་སི་ཁོ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཙན་ཏིན་ཧྲ་ཐི་ཨར་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ད་ལོའི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧི་དང་ལྷན་དུ་པེ་ཅིན་དུ་མཇལ་འཛོམས་གནང་ནས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་ཐད་ཁ་ཕྱོགས་སྔར་ལས་གསལ་བོ་གནང་བ་དང་འཆར་གཞི་སྔར་ལས་ལེགས་པོ་བཀོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་མོང་གོལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་དང་ལྟ་རྟོག་ནན་མོ་བྱེད་པ། དངོས་བརྩོན་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་དང་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་མོང་དཔལ་འབྱོར་གྱི་ཕན་ཚུན་ཁ་གསབ་རང་བཞིན་ཆེ་བས། ཀྲུང་གོས་མོང་གོལ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པར་གཏེར་ཐོན་ནུས་ཁུངས་དང་རྨང་གཞིའི་སྒྲིག་བཀོད། མཉམ་སྦྲེལ་མཉམ་མཐུད་སོགས་ཀྱི་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ལྗང་མདོག་ནུས་ཁུངས་དང་གྲངས་ཀའི་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་ཞིབ་བྱས་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་གནས་དང་མཉམ་ལས་འཕར་གནས་སྔར་ལས་མང་པོ་གསར་འཛུགས་བྱེད་འདོད་ཡོད། ཀྲུང་གོས་རྒྱལ་ནང་ཉེ་འགྲམ་ཞིང་ཆེན་གྱིས་མོང་གོལ་ཕྱོགས་དང་བརྗེ་རེས་དམ་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་ཐུན་མོང་ཐོག་རི་བོ་ཨ་ཨེར་ཐའེ་ཡི་ས་ཁོངས་ཕལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྲིད་ཏང་དང་རིག་གཞུང་། སྨྱན་བྱེད། ན་གཞོན་སོགས་ཀྱི་བརྗེ་རེས་ལ་སྐུལ་སྤེལ་བྱས་ཏེ། མུ་མཐུད་དུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་རྟོན། མཛའ་བརྩེ་བཅས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོས་མོང་གོལ་ཕྱོགས་དང་མཉམ་དུ་ས་ཁུལ་གྱི་ལས་དོན་ཐད་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཐུན་མོང་ཐོག་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཙན་ཏིན་ཧྲ་ཐི་ཨར་གྱིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། མཉམ་སྦྲེལ་མཉམ་མཐུད་དང་རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བསྐྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད། །
འཕྲིན་སྟེགས། weikangba