
ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོའི་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཀག་ནའི་སྲིད་འཛིན་མཱ་ཧ་མ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཕེབས་ཏེ་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ལ་ཞུགས་པའི་ཀག་ནའི་སྲིད་འཛིན་མཱ་ཧ་མ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཀག་ན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར65ལོན་པའི་ལོ་རེད། ཀྲུང་གོ་དང་ཀག་ནའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་རྣམས་ཀྱིས་དངོས་སུ་བཙུགས་པ་ཡིན་པས། དུས་ཡུན་རིང་བོར་ཇེ་བརྟན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་རང་ཉིད་ཀྱི་རྒྱལ་བབས་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཀག་ན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོན་དངོས་དང་མཛའ་མཐུན་གྱི་འདུ་ཤེས་དང་ཡང་དག་པའི་དྲང་བདེན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ནས་ཨ་ཧྥེ་རི་ཁར་མཉམ་ལས་བྱེད་པ་དང་། ཀག་ན་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མ་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་མཉམ་དུ་དོན་འཁྱོལ་བྱས་ཏེ། སྣ་མང་ཅན་གྱི་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། གཏེར་ལས་དང་། ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས་ཉ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དང་། ཀག་ན་ཕྱོགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་འགུལ་ནུས་སུ་བསྒྱུར་བར་རོགས་རམ་དང་། ཐོན་ཁུངས་གསར་འདོན་དང་ཁོར་ཡུག་སྲུང་སྐྱོབ་བར་མཐུན་སྦྱོར་ནུས་ལྡན་བྱེད་པ་མངོན་འགྱུར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་མཉམ་དུ་ལག་བསྟར་བྱས་ནས་སྔར་ལས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་རོགས་ཟླའི་འབྲེལ་བ་མཉམ་དུ་འཕེལ་རྒྱས་གཏོང་བའི་ཆོད་དོན་གྱི་དུས་སྔ་མའི་གྲུབ་འབྲས་བཀོད་སྒྲིག་ཐད་རྩ་དོན་གྱི་ངོས་འཛིན་གཅིག་མཐུན་བྱུང་ནས། ཀག་ན་ཕྱོགས་ཀྱིས་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཁྲལ་རིགས་ཐོན་རྫས100%ཡི་སྒོ་ཁྲལ་མེད་པར་བཟོ་བའི་བྱེད་ཐབས་ཁྲོད་སྔ་མོ་ནས་ཁེ་ཕན་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད།
མཱ་ཧ་མ་ཡིས་ཀྲུང་གོས་བདེ་བླག་ངང་འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་སྤེལ་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཐེངས་འདིའི་རྩེ་ཚོགས་ཀྱི་དོན་སྙིང་གལ་ཆེན་ཡིན་པ་དང་ཀྲུང་གོས་འཛམ་གླིང་གི་བུད་མེད་བྱ་གཞག་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་བའི་མགོ་ཁྲིད་ནུས་པ་མཚོན་ཡོད་པ་ངོས་འཛིན་གནང་། ཁོང་གིས་བསྟན་དོན། ཀག་ན་དང་ཀྲུང་གོ་བར་གྱི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་མཉམ་ལས་གླེང་སྟེགས་དང"རྒྱུད་གཅིག་ལམ་གཅིག"མཉམ་དུ་འཛུགས་སྐྲུན་གྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱིས་ཀག་ན་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། ཀག་ན་ཕྱོགས་ཀྱིས་ཀྲུང་གོགཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་འབད་དེ། ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་། གྲངས་འཛིན་དཔལ་འབྱོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས། གཏེར་རྫས། མི་ཆོས་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པའི་སྟེང་བསྐྱོད་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད། ཀག་ན་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཀྲུང་གོ་སོགས་འདུ་ཤེས་མཚུངས་བའི་རྒྱལ་ཁབ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། ཕྱོགས་མང་གི་མཐུན་སྦྱོར་དམ་ཚགས་སུ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་བསྟར་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba