ཏིང་ཞུའེ་ཞང2025ལོའི་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

2025-10-15
307

ཟླ10པའི་ཚེས13ཉིན། 2025ལོའི་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་ཧྲང་ཧའེ་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་ཚེས13ཉིན་ཧྲང་ཧའེ་རུ་མགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གནང་བ་རེད། 

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པར་བསྟན་ཡོད། ཀྲུང་གོས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། འགག་རྩའི་སྲོག་ཤིང་ལག་རྩལ་ཐོལ་བརྒལ་བྱེད་པ་དང་། བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོས་རང་ངོས་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་བཟོ་སྐྲུན་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། 

ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དོན་འཁྱོལ་བྱེད་པར་བཟོ་སྐྲུན་ལས་རིགས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ང་ཚོས་ལག་གདང་སྦྲེལ་ནས་བཟོ་སྐྲུན་ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་སྟོབས་ལྡན་བསྣན་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དྭངས་གཙང་དང་མཛེས་སྡུག རྒྱུན་མཐུད་བཅས་ཀྱི་འཛམ་གླིང་ཐུན་མོང་ཐོག་འཛུགས་དགོས། ཁོང་གིས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བཟོ་སྐྲུན་ཚན་རྩལ་གྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས། གཉིས་ནི་མདུན་གྲལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཚན་རྩལ་ཇུས་གཞི་ཐུན་མོང་ཐོག་འཚོལ་ཞིབ་བྱ་དགོས། གསུམ་ནི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། བཞི་ནི་མཐུན་སྦྱོར་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་བཟང་པོ་ཐུན་མོང་ཐོག་གཏོད་དགོས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝན་ཀང་། འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞེ་ཧུའུ་བཅས་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གནང་། 

ད་ཐེངས་ཀྱི་ཚོགས་ཆེན་གྱིས“བཟོ་སྐྲུན་གྱིས་ལྗང་མདོག་གི་མ་འོངས་པ་བཏོད”ཅེས་པ་བརྗོད་དོན་དུ་བྱས་ལ། འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་གོ་བཟོ་སྐྲུན་ཁང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྤེལ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་གཞུང་གི་དཔོན་རིགས་དང་། བཟོ་སྐྲུན་རྩ་འཛུགས་ཀྱི་འཐུས་མི། ཚན་རྩལ་མི་སྣ། ཁེ་ལས་ཀྱི་འགན་འཁུར་པ་སོགས་མི760ཙམ་མགོ་རྩོམ་མཛད་སྒོར་ཞུགས་པ་རེད། །


  • 顶