
ཟླ10པའི་ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཨ་མཱ་ལ་སུའུ་ལི་ཡར་ཐུག་འཕྲད་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཀྲུང་གོར་གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཨ་མཱ་ལ་སུའུ་ལི་ཡར་ཐུག་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཏི་ས་ན་ཡ་ཁེ་དང་མཉམ་དུ་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བའི་མ་འོངས་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་མཛུབ་ཁྲིད་གསར་པ་བྱས་ནས། ཀྲུང་གོ་དང་སི་རི་ལན་ཁའི་ལས་དབང་ཐུན་མོང་ཚོགས་པ་ཐུན་མོང་ཐོག་གཏོད་དགོས་པའི་ནན་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་ལག་གདང་སྦྲེལ་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་སི་རི་ལན་ཁའི་ལྷག་བསམ་ཟོལ་མེད་རོགས་རམ་དང་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཨ་མཱ་ལ་སུའུ་ལི་ཡས་བསྟན་དོན། གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་རྒྱལ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་སྤེལ་བ་དེ་ཐོག་ནས་འཛམ་གླིང་བུད་མེད་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་ནུས་པ་མཚོན་པ་དང་། དེར་དོན་སྙིང་གལ་ཆེན་ལྡན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་དང་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སི་རི་ལན་ཁ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སྤར་འདོད་ཡོད།
ཝང་ཏུང་ཧྥུང་སོགས་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba