
ཟླ10པའི་ཚེས8ཉིན། ཏུར་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཀུའུ་ཨར་མཱ་ནའོ་ཝ་ཡིས་གདན་ཞུས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་བར་གནས་མཛའ་མཐུན་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་གི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བརྙན་ལམ་ཤིས་ཚིག་ཕུལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏུར་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཀུའུ་ཨར་མཱ་ནའོ་ཝ་ཡིས་གདན་ཞུ་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས8ཉིན་བར་གནས་མཛའ་མཐུན་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་གི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་བརྙན་ལམ་ཤིས་ཚིག་ཕུལ།
ཀྲའོ་ལེ་ཅི་ཡིས་བསྟན་དོན། བར་གནས་མཛའ་མཐུན་ཚན་ཆུང་བཙུགས་ནས་ལོ་ངོ5ལྷག་འགོར་བའི་རིང་ལ། བར་གནས་སྲིད་ཇུས་དར་སྤེལ་གཏོང་བ་དེ་སྲོག་ཤིང་དུ་བརྩིས་ནས། བློ་ཁ་མཐུན་པའི་རྒྱལ་ཁབ་ཚང་མར་རྒྱུས་ལོན་ཡིད་རྟོན་ཇེ་དྲག་དང་། བརྗེ་རེས་མཉམ་ལས་ཟབ་སྤེལ། ཕྱོགས་མང་རིང་ལུགས་ལག་བསྟར་བཅས་ཀྱི་ཕན་ལྡན་སྟེགས་བུ་ཞིག་བསྐྲུན་ཡོད། ད་ལོ་ནི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར80ལོན་པའི་ལོ་ཡིན། མིག་སྔར། འཛམ་གླིང་འདི་ཉིད་ཛ་དྲག་ཆེ་བའི་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་དེ་དཀའ་ཁག་མང་པོར་འཕྲད་ཀྱིན་ཡོད། ཟླ9པའི་ཟླ་འགོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟབ་ནན་སྒོས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་དང་། བདག་དབང་འདྲ་མཉམ་ལག་བསྟར་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་གཙོ་བོར་འཛིན་པ་དར་སྤེལ། འགུལ་སྐྱོད་ཀྱི་ཁྲིད་ཕྱོགས་ལ་དོ་སྣང་བྱེད་དགོས་པ་བཅས་ནན་གྱིས་བཏོན་ཞིང་། དེའི་དམིགས་ཡུལ་ནི་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེད་ཡིན། འདི་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་བཏོན་པའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་རང་བཞིན་གྱི་གྲོས་འགོ་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལས་གྲོས་ཁང་བར་གྱི་གྲོས་མོལ་ནི་འཛམ་གླིང་ཞི་བདེ་དང་ཡིད་ཆེས་ལ་འགན་སྲུང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་པ་བརྗོད་གཞིར་བྱས་སྟབས། དུས་དང་བསྟུན་ཞིང་དོན་སྙིང་ཟབ་མོ་ལྡན། ཁྲིམས་འཛུགས་ལས་ཁུངས་ལ་འདྲ་མཉམ་ལུགས་མཐུན་གྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་འཇོག་པའི་འགན་འཁྲི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་བར་གནས་མཛའ་མཐུན་ཚན་ཆུང་གི་ཁོངས་གཏོགས་རྒྱལ་ཁབ་ཕྱོགས་དང་མཉམ་དུ། གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་བཞི་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ཡང་བསྐྱར་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། ལག་གདང་སྦྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཏུར་མན་སི་ཐན་ནི་ཕན་ཚུན་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། སྔོན་ཏག་ཏག་ལ། སྲིད་འཛིན་པེའར་ཏི་མུའུ་ཧྭ་མའེ་ཏའོ་ཧྥུའུ་གདན་ཞུས་ལྟར་ཀྲུང་གོར་ཡོང་ནས2025ལོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་དང་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར80ལོན་པའི་བྱ་འགུལ་ལ་ཞུགས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛའ་མཐུན་བརྗེ་རེས་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཏུར་མན་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་གང་ལེགས་བྱེད་པ་དང་། དུས་རྣམ་ཀུན་གྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཏུར་མན་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། །
འཕྲིན་སྟེགས། weikangba