ཝང་དབྱི་ཡིས་དབྱི་ཐ་ལིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཐཱ་ཡ་ཉི་དང་བཞུགས་མོལ་བྱས།

2025-10-09
422

ས་དེའི་དུས་ཚོད་ཟླ10པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་རུའོ་མ་རུ་དབྱི་ཐ་ལིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཐཱ་ཡ་ཉི་དང་བཞུགས་མོལ་བྱས། 

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་དབྱིའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་ལོ་ཡིན། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། ཀྲུང་དབྱི་ཡིས་ཆུ་ཚད་མཐོ་བའི་དངོས་གཉེར་མཉམ་ལས་སྤེལ་བ་དང་། སྤུས་ཚད་མཐོ་བའི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ལྡན་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བསྐྲུན་ཡོད། ཀྲུང་དབྱིའི་འགྲོ་འོང་གི་ལོ་རྒྱུས་ལས་སྒོ་འབྱེད་མཉམ་ལས་དང་འཕེལ་རྒྱས་མཉམ་གཉེར་ནི་ཕྱོགས་གཉིས་ཀྱི་རིག་གནས་ཀྱི་རྨང་གཞི་དང་དངོས་ཡོད་ཀྱི་དགོས་མཁོར་གཞིགས་པའི་ཡང་དག་པའི་གདམ་ག་ཡིན་པ་ར་སྤྲོད་བྱས་ཡོད་ལ། ཕྱོགས་གཉིས་ཀྱི་རྩ་བ་དང་ཡུན་རིང་ཁེ་ཕན་དང་མཐུན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་རེ་འདུན་དང་ཡང་མཐུན་པས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་ཕྱོགས་དང་མཉམ་དུ་ཡིད་ཆེས་སྲ་བརྟན་དང་འགལ་རྐྱེན་སེལ་བ། ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་བྱེད་པའི་འགུལ་སྐྱོད་འཆར་གཞི་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་ཤུགས་འདོན་འདོད་ཡོད།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་དབྱི་ཐ་ལི་ཕན་ཚུན་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་ཡིན་པས། བརྗེ་རེས་དམ་ཟབ་རྒྱུན་འཁྱོངས་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་ལྟ་སྐྱོང་བྱེད་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས་ཀྲུང་དབྱིའི་འབྲེལ་བ་བརྟན་འཇགས་འཕེལ་རྒྱས་སུ་འགྲོ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་བའི་རེ་བ་དང་ཡིད་ཆེས་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བྱེ་བྲག་གི་འགུལ་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་འདོད་བློ་བཟང་པོ་དེ་ཀྲུང་དབྱིའི་འབྲེལ་བའི་འཕེལ་རྒྱས་སྒུལ་ནུས་སུ་བསྒྱུར་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ལྗང་མདོག་དང་གཞི་གྲངས། མཁའ་སྐྱོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་ཧུར་ཐག་གིས་འདོན་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་ལ་དངུལ་གཏོང་བྱེད་པར་འདྲ་མཉམ་དང་མངོན་གསལ། མཐོང་ཆུང་མི་བྱེད་པ། སྔོན་དཔག་བྱེད་ཐུབ་པའི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 

ཝང་དབྱི་ཡིས་བཤད་རྒྱུར། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་ཟིང་ཟིང་ཆེ་ཞིང་། ཀྲུང་དབྱི་ནི་ཤར་ནུབ་ཕྱོགས་ཀྱི་གནའ་བོའི་དཔལ་ཡོན་གྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན་པའི་ཆ་ནས། ལོ་རྒྱུས་ཉམས་མྱོང་ཁྲོད་ཤེས་རབ་དང་བློ་གྲོས་བསྡུ་ལེན་བྱེད་པའི་ནུས་པ་ལྡན་སྲིད་པས། གོ་ལ་ཧྲིལ་བོའི་ཛ་དྲག་གི་འགྲན་སློང་ལ་ཁ་གཏད་འཇལ་བར་རྗེས་དཔག་དངོས་གཉེར་གྱི་ཀྲུང་དབྱིའི་ཇུས་གཞི་འདོན་སྤྲོད་བྱེད་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཞི་བདེ་ཡི་སྟོབས་ཤུགས་དང་བརྟན་འཇགས་ཀྱི་སྟོབས་ཤུགས་བྱས་ཏེ། སྔར་ལས་དྲང་བདེན་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས། 

ཐཱ་ཡ་ཉི་ཡིས་བསྟན་དོན། དབྱི་ཀྲུང་འབྲེལ་བ་ཧ་ཆང་གལ་ཆེན་ཡིན། ཕྱོགས་གཉིས་ཀྱི་འཐབ་ཇུས་རོགས་རེས་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་མངོན་གསལ་ཡིན་ཞིང་། འཛུགས་སྐྲུན་རང་བཞིན་གྱི་གཉིས་ཕན་འབྲེལ་བ་བསྐྲུན་ཡོད། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་དབྱི་ཀྲུང་འབྲེལ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱིས་དབྱི་ཀྲུང་སྲིད་གཞུང་ཨུ་ཡོན་ལྷན་ཁང་དང་། དཔལ་འབྱོར་མཉམ་ལས་མཉམ་བསྲེས་ཨུ་ཡོན་ལྷན་ཁང་སོགས་ཕྱོགས་མང་རྐྱེན་སྲོལ་བརྒྱུད་དེ་བགྲོ་གླེང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལོ་གསུམ་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་ལེགས་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྲོལ་རྒྱུན་དང་གསར་སྐྲུན་ཁྱབ་ཁོངས་ཀྱི་ཕན་ཚུན་དངུལ་གཏོང་རྒྱ་བསྐྱེད་གཏོང་བ་དང་། ཚན་རྩལ་དང་སྨན་བཅོས། ཡུལ་སྐོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ། ཐད་སྐྱེལ་སྔར་ལས་མང་པོ་ཤར་གཏོང་བྱེད་པ་དང་། སང་ལོར་དབྱི་ཐ་ལིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བ་གོ་སྐབས་སུ་བཟུང་ནས་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། དབྱི་ཐ་ལི་ཕནྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་དབྱི་ཐ་ལིར་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེའི་ཐད་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། 

ཐཱ་ཡ་ཉི་ཡིས་ནན་གྱིས་བསྟན་དོན། དབྱི་ཐ་ལི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་ལ། དེར་གཡོ་འགུལ་གང་ཡང་ཡོད་མི་སྲིད། ཀྲུང་གོ་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་པས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཞི་བདེ་ལ་བརྟེན་ནས་ཕ་ལི་སི་ཐན་དང་དབྱི་སི་རལ་དང་། ཝུའུ་ཁི་ལན་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། 

ཤ་བོ་གསེར་མཚོས་བསྒྱུར། 


  • 顶