ད་ལོར། ཞིན་ཅང་དང་བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱས་ལ། ཐབས་མང་མཉམ་སྤྱོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ཁྲོམ་ར་མུ་མཐུད་དུ་འཁྲུག་ཆ་དོད་པོར་གྱུར་ནས། ཡུལ་སྐོར་བའི་གྲངས་འབོར་གྱིས་ཟིན་ཐོ་གསར་པ་བསྐྲུན།
སྟོན་དུས་སུ་ཐེན་ཧྲན་ལྷོ་བྱང་གི་མཛེས་ལྗོངས་ལྟ་ན་སྡུག དབྱི་ལི་ཁུལ་ན་ལ་ཐིའི་ལྗོངས་ཁུལ་དུ། སྟོན་དུས་ཀྱི་གངས་བབས་ནས་རི་ཀླུང་ཀུན་གྱི་ཁ་ཏོག་འདྲེས་མའི་ལྗོན་ཤིང་ཕན་ཚུན་གྱི་རྒྱན་དུ་གྱུར་ཡོད།
ཐ་ལི་མུའུ་ཆུ་འགྲམ་དུ། ཧུའུ་དབྱང་ནགས་ཚལ་གྱིས་ལྟ་སྐོར་དུས་ཚིགས་ལེགས་ཤོས་བསུས་ལ། ལྗོངས་ཁུལ་དུ་ད་ལོ་རླངས་འཁོར་འཇོག་ས་དང་མཚོ་སྐོར་ལྕགས་རྟའི་འགྲོ་ལམ། སྒར་སྡོད་རྟེན་གཞི་སོགས་སྒྲིག་བཀོད་གསར་སྣོན་བྱས་ཏེ། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ་ཉིན་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་གཅིག་སྟོང་ལྔ་ལྷག་སྣེ་ལེན་བྱས།
ཡུལ་སྐོར་བ་ཞུས་ཡུས་རིན་གྱིས་བཤད་རྒྱུར། ཡུལ་ལྗོངས་ཧ་ཅང་མཛེས་པས། ངས་སེམས་སུ་ཐེངས་གཅིག་ལ་ཡོང་བས་མི་ཆོག་པར་རྗེས་སུ་གོ་སྐབས་བཙལ་ནས་ད་དུང་ཐེངས་མང་པོ་ཡོང་དགོས་བསམ།
དེ་མིན། རིག་དངོས་ཡུལ་སྐོར་དང་གནའ་རྫས་རྟོག་ཞིབ་ཡུལ་སྐོར། རྟེན་མཛོད་ཁང་གི་ཡུལ་སྐོར་བཅས་མགྱོགས་མྱུར་སྒོས་འཕེལ་རྒྱས་ཕྱིན་པ་དེས་ཀྱང་། ཞིན་ཅང་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་གདམ་ག་གསར་པ་སྔར་ལས་མང་པོ་བསྐྲུན། གུང་གསེང་འདིར་ཞིན་ཅང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཁང་ཚོད་ལྟའི་འཁོར་སྐྱོད་བྱས་ཏེ། འགྲེམས་སྟོན་དངོས་རྫས3000ལ་ཉེ་བ་ཡོད་ལ། དེར་རྩོམ་རིག་དང་རོལ་དབྱངས། ཞབས་བྲོ་སོགས་རིགས་མང་པོ་འདུས་ཡོད།
ད་ལོར་ཞིན་ཅང་གིས“ཞིན་ཅང་ནི་ས་ཆ་ཡག་པོ་ཞིག་རེད”ཅེས་པའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་བསྐྲུན། དམའ་དབྱིངས་ཡུལ་སྐོར་དང་སྤྲོ་གསེང་རྣམ་པའི་སྒེར་འཁོར་སྒར་ས་སོགས་འཛད་སྤྱོད་རྣམ་པ་གསར་པ་གསར་སྤེལ་བྱས་པ་དང་ཆབས་ཅིག ད་དུང་ཡུལ་སྐོར་དང་འཚམ་པའི་སྒྲིག་ཆས་ཁ་སྣོན་བྱས་ཏེ། ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་བསྣན་ནས། ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། ཞིན་ཅང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་དྲུག་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས8.36%འཕར།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་། ཀུའུ་ལི·ཨ་པུའུ་ལི་མུའུ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཤུགས་བསྣན་ནས། རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར། རིག་གནས་དང་ཡུལ་སྐོར་ཐོན་ལས་ཁྱུ་ཚོགས་བསྐྲུན་རྒྱུ་གོ་སྐབས་སུ་བཟུང་སྟེ། མཁྲེགས་ཆས་མཐོ་རུ་གཏོང་རྒྱུ་དང་མཉེན་ཆས་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་སྒོས། ངེས་པ་དོན་གྱིས་རིག་གནས་ཡུལ་སྐོར་ལས་རིགས་འདེགས་སྐྱོར་ཐོན་ལས་དང་དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་བསྐྲུན་རྒྱུ་ཡིན།
ད་ཐེངས་ཀྱི་གུང་གསེང་འདིར། གངས་ལྗོངས་མཐོ་སྒང་གི་བོད་ལྗོངས་སུ་ཡུལ་སྐོར་བ་ཧ་ཅང་མང་ལ། མི་རྣམས་རང་བྱུང་ཁམས་སུ་བསྐྱོད་དེ་སྐྱེ་ཁམས་ཀྱི་མཛེས་པ་མཉམ་སྤྱོད་བྱས། ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོ་རུ་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས། མི་རྣམས་ལ་མཐོ་སྒང་གི་མཛེས་ལྗོངས་ལ་རོལ་བ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་ཐུབ་པར་བྱས། ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོ་རུ་ཉིན་རེར་རྐང་ཐང་ལ་ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་ཧ་ལམ་མི་ཐེངས6000ལ་བསླེབས་ནས། ན་ནིང་གི་དུས་མཉམ་ལས29%འཕར་ཡོད།
ཡུལ་སྐོར་བ་སྐུ་ཞབས་ཁྲིན་གྱིས་བཤད་རྒྱུར། འདིའི་མཚེའུ་དྭངས་ཤིང་ཡུལ་ལྗོངས་མཛེས་པས། མི་རྣམས་ལ་པར་ལེན་པའི་སྤྲོ་སྐྱིད་ཀྱི་ཚོར་བ་ཞིག་སྟེར།
རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ད་ལོར་བོད་ལྗོངས་ཀྱིས་སྲིད་ཇུས་བྱེད་ཐབས་མང་པོ་བཏོན་ལ། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཟབ་མོར་རྒྱབ་སྐྱོར་བྱས་པ་མ་ཟད།“བོད་ལྗོངས་ཀྱི་བྲོ་བའི་མྱོང་རོལ་གཟའ་འཁོར”དང་། “བོད་ལྗོངས་སུ་སྐར་མ་འཛིན་པ”“དགུན་དུས་བོད་ལྗོངས་སུ་བསྐྱོད་པ”སོགས་ཀྱི་དྲིལ་སྒྲོག་ཁྱབ་གདལ་བྱེད་སྒོ་སྤེལ་ཏེ། “ཁམས་བདེའི་ཡུལ་སྐོར”དང“རིག་གནས་རྟེན་མཛོད་ཁང་གི་ཡུལ་སྐོར”སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་འཕེལ་རྒྱས་ཤུགས་ཆེན་བཏང་། ད་ལོའི་ཟླ1པོ་ནས8པའི་བར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་ལྔ་ས་ཡ་བདུན་ལྷག་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས11.3%འཕར་ནས། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གཅིག་ལས་བརྒལ།
བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཁྲོན་ཀྲིག་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ང་ཚོས་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། ཁྱད་ལྡན་རིག་གནས་བླ་སྲོག་དང་མཐོ་སྒང་གི་ཡུལ་ལྗོངས་ལྟེ་བར་འཛིན་པ། ཁྱད་ལྡན་ཉམས་ལེན་རྨང་གཞི་ཡིན་པའི་དེང་རབས་ཅན་གྱི་མཐོ་སྒང་གི་ཡུལ་སྐོར་སྐྱེ་ཁམས་གྲུབ་ཡོད་ལ། དེས་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སློང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས།
འཕྲིན་སྟེགས། weikangba