འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གཞི་གྲངས་གསར་པ་ལས་མངོན་པར། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་སུ། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་ཐེར་འབུམ་གཉིས་དུང་ཕྱུར་བཞི་ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སྐྲུན་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག “མི་རྣམས་འགྲོ་འདུག་རང་དབང་དང་། དངོས་ཟོག་འཁོར་རྒྱུགས་ཐོགས་མེད”ཀྱི་རྣམ་པ་མགྱོགས་པོར་གྲུབ་ནས་འགྲུལ་བཞུད་ཀྱི་ཀྲུང་གོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས།
གུང་གསེང་དུས་སྐབས་ཀྱི་ཉིན་དང་པོར། འགྲུལ་བཞུད་ཀྱི་མཐོ་རླབས་བསུས་ཤིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་དྲུག་ལ་སླེབས་ཏེ་ལོ་སྔོན་མའི་དུས་མཉམ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་བྱེ་བ་གཉིས་ས་ཡ་གསུམ་འབུམ་གཅིག་ཁྲི་གསུམ་སྟོང་གཉིས་སྐྱེལ་འདྲེན་བྱས་ཤིང་། ཉིན་གཅིག་གི་འགྲུལ་པ་སྐྱེལ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཚེས་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལས་མངོན་པར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཐེར་འབུམ་གཉིས་དུང་ཕྱུར་བཞི་བྱེ་བ་གསུམ་ས་ཡ་གཉིས་ཟིན་པ་དང་། ཉིན་རེར་ཆ་སྙོམས་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གསུམ་ལྷག་ཟིན་པ་དེ་ལོ་སྔོན་མའི་དུས་མཉམ་ལས6.2%འཕར་ཡོད།
གུང་གསེང་འདིར། མི་ཐེངས་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་བཞི་ཡིས་གཞུང་ལམ་ཐོག་འགྲུལ་བཞུད་བྱས། དེའི་ནང་སྒེར་འཁོར་བཏང་ནས་ཕྱིར་སྐྱོད་ཚད་བཅུ་ཆའི་བརྒྱད་དུ་སླེབས་པ་དང་རླངས་འཁོར་གླས་ནས་ཕྱིར་སྐྱོད་ཚད་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་ཡན་འཕར་ཏེ། གུང་གསེང་དཔལ་འབྱོར་གྱི་འཕར་གཞི་གསར་པར་གྱུར། སི་ཁྲོན་ནུབ་རྒྱུད་མཐོ་སྒང་ནས་ཧུའུ་ནན་དང་ཧུའུ་པེ་རི་ཁུལ། ཅང་ཞིའི་ལྷོ་ནུབ་ཀྱི་དཀྱིལ་དབུས་ནས་ཅི་ལིན་མཐའ་མཚམས་བར་མྱུར་བགྲོད་གཞུང་ལམ་གསར་པ་སྔར་ལས་མང་པོས་ཕྱིར་བསྐྱོད་ཀྱི་ཉམས་ལེན་གསར་པ་ཞིག་མཁོ་འདོན་བྱས།
སྒེར་འཁོར་གཏོང་བའི་ཡུལ་སྐོར་བ་ཝུའུ་ཅན་པོ་ཡིས་བཤད་རྒྱུར།
ངེད་ཚང་གི་ཁྱིམ་མི་ཡོངས་གསར་དུ་ཤར་གཏོང་བྱས་པའི་གཟི་ཚ་སྡེ་དགུ་ནས་ཅིན་དབྱང་མྱུར་བགྲོད་གཞུང་ལམ་ནས་ནུབ་ཕྱོགས་སུ་སོང་སྟེ་ས་ཆ་མང་པོར་ཕྱིན་པ་ཡིན། འགྲིམ་འགྲུལ་གྱི་འཕེལ་རྒྱས་ལས་ང་ཚོར་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་བྱུང་།
ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་ཚད་ཉིན་བཞི་ལ་བསྟུད་མར་མི་ཐེངས་བྱེ་བ་གཅིག་ས་ཡ་བརྒྱད་ལས་བརྒལ་ཡོད། མྱུར་བགྲོད་ལྕགས་ལམ་ས་གནས་མང་པོར་ཐོན་ཐུབ་པས་ཡུལ་སྐོར་ལ“འགྲོ་ཟེར་ན་འགྲོ”ཐུབ་པ་བྱུང་ཡོད།
གུང་གསེང་གི་སྔོན་ལ་ཤར་གཏོང་བྱས་མ་ཐག་པའི་ཧྲེན་དབྱང་ནས་ཁྲང་པེ་ཧྲན་མྱུར་བགྲོད་ལྕགས་ལམ་དང་། ཞང་དབྱང་ནས་ཅིན་མིན་མྱུར་བགྲོད་ལྕགས་ལམ་གྱིས་བྱང་ཤར་དང་ཧྭ་ཀྲུང་ས་ཁུལ་བཅས་སུ་ཡུལ་སྐོར་ལམ་ཐིག་མང་པོ་གྲུབ་ཡོད་པས། ལམ་རྒྱུད་དུ་ཡུལ་སྐོར་བྱེད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད།
གུང་གསེང་འདིར་འགྲུལ་བཞུད་ཀྱི་གསོན་ཤུགས་རྒྱལ་མཚམས་ལས་བརྒལ་ཡོད། སྔོན་དཔག་བྱས་ན་དམངས་སྤྱོད་མཁའ་འགྲུལ་གྱིས་བསྡོམས་པས་འགྲུལ་པ་མི་ཐེངས་བྱེ་བ་གཅིག་ས་ཡ་དགུ་འབུམ་གཅིག་ཁྲི་བདུན་སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གཏོང་ཚད་ལོ་སྔོན་མའི་དུས་མཉམ་ལས10.6%འཕར་ཡོད་། གནམ་གྲུ་བསྐྱར་དུ་གཏོང་ཐུབ་པའི་རྒྱལ་སྤྱིའི་མཁའ་ལམ་མང་པོས་ཀྲུང་གོ་དང་འཛམ་གླིང་གི་ཕྱོགས་གཉིས་སུ་བསྐྱོད་འགོ་ཚུགས་ཡོད།
བཅར་ལན། ལ་ཐེ་ཝེ་ཡའི་ཡུལ་སྐོར་བས་བཤད་རྒྱུར། གནས་འདིའི་འགྲིམ་འགྲུལ་གྱིས་ང་རང་ཧ་ལས་སུ་བཅུག་བྱུང་། དེ་དག་ངོ་མ་མགྱོགས་པོ་འདུག
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་སྐབས་སུ། ཉིན་རེར་མེ་འཁོར་ཁྲི་གཅིག་དང་སྟོང་གསུམ་ཀྲུང་གོའི་ས་གཞི་ཆེ་མོར་གཏོང་གིན་ཡོད། རླངས་འཁོར་བྱེ་བ་དྲུག་ས་ཡ་གཉིས་ལྷག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་དུ་རྒྱུ་བཞིན་ཡོད་ལ། གནམ་གྲུ་ཁྲི་གཅིག་དང་སྟོང་དགུ་ལྷག་བར་སྣང་དུ་འཕུར་བཞིན་ཡོད། སྟབས་བདེའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱས་འགྲུལ་པ་ཕྱིར་སྐྱོད་རྒྱུར་འགན་ལེན་གལ་ཆེན་བྱས་ཡོད། འཛམ་གླིང་ཐོག་གི་དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་བ་ཆེ་ཤོས་ཀྱིས་ང་ཚོར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་བྲིས་ཡོད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྐྱེལ་འདྲེན་ཞབས་ཞུ་སིའི་སི་ཀྲང་གཞོན་པ་ཀའོ་པོ་ཡིས་བཤད་རྒྱུར། གུང་གསེང་སྐབས་སུ་ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས་དུང་ཕྱུར་གསུམ་ལྷག་གི་ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་འོང་གིས་བཟའ་བཏུང་དང་ཞག་སྡོད། ཚོང་དོན་སོགས་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་རྒྱུར་སྐུལ་ཁྲིད་བྱས་ཡོད། དར་རྒྱས་ཆེ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་དེས་གུང་གསེང་དཔལ་འབྱོར་གྱི་ཚ་རླབས་འཕྱུར་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེ་ལས་ཀྱང་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཚུལ་བཟང་ཕྱོགས་སུ་འཕེལ་བ་དང་། འཕེལ་རྒྱས་ཀྱི་གནས་བབ་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བ་མངོན་ཡོད།
འཕྲིན་སྟེགས། weikangba