འབྲུ་རིགས་བདེ་འཇགས་ནི་“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་རང་སྟོབས་རང་སྤེལ་བྱས་ནས་རང་གི་ཕོར་བ་སྲུང་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། དངོས་པོའི་རྨང་གཞི་ནས་རྐྱེན་སྲོལ་འགན་སྲུང་གི་བར་དུ། རང་རྒྱལ་གྱིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་སྟེ། འབྲུ་རིགས་ཀྱི་ཐོན་འབོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་གཏན་འཇགས་བྱུང་བ་དང་། 2024ལོར་ཐོག་དང་པོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞིའི་སྐས་རིམ་གསར་པར་སླེབས་ཏེ། ཀྲུང་གོ་བ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་ཕོར་བ་སྔར་ལས་ཇེ་བརྟན་དུ་བཏང་།
ད་ལྟའི་སྟོན་འབྲུ་ཐོན་ཁུལ་གཙོ་བོ་རུ། ཚད་གཞི་མཐོ་བའི་ས་ཞིང་ཁོད་སྙོམས་ཤིང་། དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་བྱེ་བ་གཅིག་ལྷག་གོ་རིམ་ལྡན་པའི་ངང་བཀོལ་བཞིན་ཡོད་ལ། མཛེས་སྡུག་ལྡན་པའི་ལོ་ལེགས་ཀྱི་ལེའུ་ཡག་པོར་བྲིས་ཡོད། ད་ལོའི་ཚུན་ལ། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་བསྒྲགས་པ་སྟེ། དབྱར་འབྲུ་དེ་ལོ་རྒྱུས་ཀྱི་ཐོན་འབབ་ལེགས་པའི་ལོ་གཉིས་པ་ཡིན་པ་དང་། སྔ་སྨིན་འབྲས་མུའུ་རེའི་ཐོན་ཚད་ཐོག་དང་པོར་རྒྱ་མ800ལས་བརྒལ་ཡོད། སྟོན་འབྲུའི་སྐྱེ་ཚུལ་རྒྱུན་ལྡན་ཡིན་ལ། ལོ་ལེགས་ཡོང་བའི་རྨང་གཞི་བརྟན།
མི་གྲངས་དུང་ཕྱུར་བཅུ་ལྷག་གི་བཟའ་འབྲུ་ནི་རང་རྒྱལ་གྱི་གནས་ཚུལ་ཆེ་ཤོས་ཡིན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ཀྱི་རྩ་གནད་ཁྲོད། རང་རྒྱལ་གྱིས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དེ་བདེ་འཇགས་འགན་སྲུང་རིགས་ཀྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཁྲོད་བཞག་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི་ཁྲོད་གཏན་འཁེལ་གསལ་བོ་བྱས་ཏེ། 2025ལོར་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་གསུམ་ལས་བརྒལ་དགོས་པ་བཏོན་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”ཚུན་ལ། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ནས། འབྲུ་རིགས་ཐོན་འབོར་གཏན་འཇགས་སྒོས་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་གསུམ་ཡན་ཡིན་པ་དང་། 2024ལོར་ཐོག་དང་པོར་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ལས་བརྒལ། ཟས་རིགས་ཆེན་པོའི་ལྟ་བའི་སྣེ་ཁྲིད་འོག འབྲུ་རིགས་དང་ཤ་རིགས། བ་དམ། སྔོ་ཚལ། ཇ་ལོ། སིལ་ཏོག་སོགས་ཀྱི་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འབྲུ་རིགས་བདེ་འཇགས་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས། “འབྲུ་རིགས་ཀྱིས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པ་དང་འབྲུ་རིགས་བདེ་འཇགས་ཡིན་”པའི་འབྲུ་རིགས་བདེ་འཇགས་ཀྱི་ལྟ་བ་གསར་པ་བཏོན་ཡོད། “རང་ཉིད་གཙོར་འཛིན་དང་རྒྱལ་ནང་དུ་རྐང་ཚུགས་པ། ཐོན་ནུས་ལ་ཁག་ཐེག ནང་འདྲེན་འོས་འཚམ། ཚན་རྩལ་གྱི་འདེགས་སྐྱོར་”བཅས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་གཏན་འབེབས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་བགྲོད་ལམ་བཏོད་ཡོད། ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་ཚད་ཆེ་རུ་གཏོང་བ་ནས། འབྲུ་རིགས་བདེ་འཇགས་ལ་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པའི་བར་དང་། ས་ཞིང་སྲུང་སྐྱོང་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་ནས། འབྲུ་རིགས་ཀྱི་སྣ་ཁ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པའི་བར། འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བའི་བྱེད་སྒོ་གསར་པ་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཀྱི་ཐོན་འབོར་འཕར་བའི་གཙོ་གནད་དེ་གཞི་ཁྱོན་ཆེ་བའི་སྒོ་ནས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་ནས། ཟས་རིགས་ཆེན་པོའི་ལྟ་བ་འཛུགས་པའི་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།
ཞིང་ལས་ཞིང་སྡེ་པུའུ་འདེབས་འཛུགས་ལས་རིགས་དོ་དམ་སིའི་ཕྱོགས་བསྡུས་ཁྲུའུ་ཡི་འགོ་གཙོ་ཀྲུའུ་ཅོན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོའི་ཐོག་ནས་འབྲུ་རིགས་བདེ་འཇགས་ལ་སྟངས་འཛིན་གནང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆོད་གཏམ་གསར་པ་དང་ལྟ་བ་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། ང་ཚོས་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ཏེ། ཕྱོགས་གཅིག་ནས་ནུས་པ་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། ས་ཞིང་དང་ལག་རྩལ་ལ་བརྟེན་ནས་འབྲུ་གསོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། ཕན་འབྲས་འགན་སྲུང་དང་འགན་འཁྲི་ནན་སྒྲུབ་བྱེད་དགོས། ཚད་བརྒལ་སྟོབས་ཤུགས་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་ཇེ་བརྟན་དུ་གཏོང་དགོས།
ཀྲུང་གོ་བ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་ཕོར་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཆེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་། རྨོ་ཞིང་གི་ཚད་མཐའ་ནན་སྲུང་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལ་དཔྱད་ཞིབ་ནན་མོ་བྱས་ནས། 《འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་བཅའ་ཁྲིམས》གཏན་འབེབས་བྱས་ཏེ་དངོས་སུ་བཏོན་པ་དང་། འབྲུ་སྣུམ་གྱི་མུའུ་རེའི་ཐོན་ཚད་ཇེ་མང་དུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པ། སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་བསྐྲུན་པ་སོགས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་དམིགས་པའི་སྲིད་ཇུས་དང་བྱེད་ཐབས་རབས་ད་རིམ་པ་གཅིག་རྗེས་གཉིས་མཐུད་ཀྱིས་བཏོན་ཡོད།
བྱང་ཤར་གྱི་ས་ནག་ནས་རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་ཐོན་ཁུལ་གཙོ་བོ། འབྲི་ཆུའི་འབབ་རྒྱུད་ཀྱི་བར་དུ་རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་བརྟན་འཇགས་སྒོས་ཆེ་རུ་ཕྱིན་ཡོད། 2024ལོར། རང་རྒྱལ་གྱི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་དང་སྡེ་ཚན་གྱི་ཐོན་ཚད། སྤྱིའི་ཐོན་འབོར་བཅས་“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་ཆ་སྙོམས་ཀྱིས་འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་འབྲུ་རིགས་ཟིན་ཚད་རྒྱ་མ་སྟོང་གཅིག་ལས་བརྒལ་བ་དེ། རྒྱལ་སྤྱིའི་སྟེང་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ཀྱི་ཚད་གཞི་ལས་རྒྱ་མ་བརྒྱད་བརྒྱ་ཡིས་མཐོ།
ལོ་ངོ་ལྔའི་རིང་། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་རྨང་གཞི་སྔར་བས་ཇེ་བརྟན་དུ་སོང་།
རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཐེར་འབུམ་གཅིག་ལས་བརྒལ་བ་བསྐྲུན་ནས། རྨོ་ཞིང་ཕྱེད་ཀའི་ཡན་གྱི་ཐན་པར་ཆུ་གཏོང་བ་དང་ཆུ་ལོག་ཕྱིར་འབུད་བྱེད་ཐུབ། ཞིང་ལས་ལོ་ཏོག་གི་རང་བདག་འདེམས་གསོའི་སོན་རིགས95%ལས་བརྒལ་ནས། སྤུས་ལེགས་ཆེད་སྤྱོད་དང་ཐོན་འབབ་མཐོ་ལ་འཕྲུལ་བསྡུ་བྱེད་པར་འཚམ་པ། ཐན་པ་དང་བ་ཚྭ་སོགས་ཐོད་བརྒལ་རང་བཞིན་གྱི་སོན་རིགས་ཁག་གཅིག་གིས་ཐོན་འཕར་གྱི་ནུས་པ་མངོན། ཞིང་ལས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད75%ལས་བརྒལ་ཏེ། དེའུ་འབུར་དང་རི་ཁུལ་གྱི་ཞིང་འཕྲུལ་ཆུང་གྲས་དང་འདྲུད་འཐེན་འཕྲུལ་འཁོར་སོགས་སྔོན་ཐོན་འཕྲུལ་ཆས་ཀྱིས་ལས་སྒྲུབ་ལས་ཕྱོད་ཇེ་མཐོར་བཏང་། ས་ཁོངས་ཞིང་ལས་འཕྲལ་སྡོམ་མྱུར་སྐྱོབ་ལྟེ་གནས་སུམ་སྟོང་སུམ་བརྒྱ་ལྷག་དང་རྒྱུན་རྣམ་ཅན་གྱི་ཞིང་འཕྲུལ་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུ་རུ་ཁག་ཆིག་ཁྲི་སུམ་སྟོང་དྲུག་བརྒྱ་ལྷག་གིས་འབྲུ་རིགས་ཀྱི་གནོད་འགོག་ནུས་པ་ནུས་ལྡན་ངང་ཇེ་ལེགས་སུ་བཏང་།
ལོ་ངོ་ལྔའི་རིང་། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ལེགས་སུ་ཕྱིན།
བྱང་སྐར་ཕྱོགས་སྟོན་མ་ལག་གིས་སོན་འདེབས་ལ་ལི་སྨི་རིམ་པའི་ཞིབ་ཚད་རི་མོ་བྲིས་པ་དང་། རབས་ལྔའི་དངོས་སྦྲེལ་ལས་སྟེགས་ཀྱིས་ས་ཁོངས་ཧྲིལ་བོར་ཤེས་ཚོར་ཐུབ་པའི“ས་ཞིང་གྲངས་འཛིན་ཀླད་ཆེན”བཙུགས་ཏེ། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ནུས་པ་ཐོན་ཚད་བརྒྱ་ཆའི་རེ་གསུམ་གྲངས་ཆུང་གཉིས་ལ་སླེབས། ནད་འབུའི་གནོད་འཚེ་ནུས་ལྡན་སྒོས་འགོག་བཅོས་བྱས་ནས་ལོ་རེར་རྒྱ་མ་ཁྲག་ཁྲིག་གཉིས་ཐེར་ཆེན་བརྒྱད་ལྷག་གི་གྱོང་གུད་ཇེ་ཉུང་དུ་བཏང་ལ། གྲོ་དང་ཆུ་འབྲས། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་གཙོ་གྲས་གསུམ་གྱི་ཉེ་བའི་ལོ་གསུམ་གྱི་འཕྲུལ་བསྡུའི་གྱོང་གུད་རྒྱ་མ་ཐེར་ཆེན་ལྔ་ཡན་ཇེ་ཉུང་དུ་བཏང་། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ས་ཡ་གཅིག་འབུམ་གཅིག་ལྷག་གིས་རྒྱལ་ཡོངས་ཀྱི་ཞིང་དུད་ཆུང་གྲས་ཕྱེད་ཀར་ཉེ་བ་ཞིག་གི་སྣེ་ཁྲིད་དེ་ཐོན་འབབ་བརྟན་ཐོག་ཡར་འཕེལ་བྱུང་།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཞིང་སྡེ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིས་ཀའོ་ཞང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་རྨོ་ཞིང་གི་ས་བོན་གཙོ་གནད་གཉིས་དང་ཚན་རྩལ་སྒྲིག་ཆས་འདེགས་སྐྱོར་གཉིས་ཀྱིས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཀྱི་རྨང་གཞི་ཤུགས་ཆེན་པོས་ཇེ་བརྟན་དུ་བཏང་སྟེ། རྒྱུན་ལྡན་གྱི་གནས་ཚུལ་འོག་ཐོན་སྐྱེད་བྱེད་ཐུབ་ལ་མཁོ་སྤྲོད་ཀྱང་འདང་ངེས་ཡོང་བར་བྱས་པ་དང་། ཐལ་དྲགས་པའི་གནས་ཚུལ་འོག་ཐེག་ཐུབ་ལ་རྟེན་ཆོག་པར་བྱས་ཏེ། འབྲུ་རིགས་མཁོ་སྤྲོད་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་བཏང་།
བང་མཛོད་འབྲུས་བལྟམས་ན་གནམ་འོག་བདེ་ཞིང་སྐྱིད། རང་རྒྱལ་གྱིས་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་སྟེ། 2030ལོར་སླེབས་སྐབས་འབྲུ་རིགས་ཀྱི་ཐོན་ནུས་རྒྱ་མ་ཁྲག་ཁྲིག་ཡན་གསར་དུ་འཕར་ནས། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་།
འཕྲིན་སྟེགས། weikangba