
འདི་ནི་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས18ཉིན། ཆུ་བེད་པུའུ་ཡི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་གཉིས་པ་བོད་ལྗོངས་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲང་དང་ཆུ་བེད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་པུའུ་ཀྲང་ལི་གོ་ཡིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས།
ཝང་ཅུན་ཀྲང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཆུ་བེད་པུའུ་ཡིས་དུས་ཡུན་རིང་བོར་བོད་ལྗོངས་ཀྱི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐུ་ངོ་མ་བོད་ལྗོངས་སུ་ཕེབས་ནས་རྟོག་ཞིབ་མཛུབ་སྟོན་དང་གལ་ཆེའི་མཛུབ་སྟོན་མཆན་བཀོད་ཐེངས་མང་གནང་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བྱས་པ་དང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་གྱི་དོན་ཆེན་བཞི་གསལ་བོར་བྱས་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་བཏོན་པ་རེད། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ནང་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་མ་ཟད་མཛུབ་སྟོན་གལ་ཆེན་གནང་བ་བཅས་ཀྱིས་ང་ཚོའི་ལས་དོན་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས།
ཝང་ཅིན་ཀྲང་གིས་བསྟན་དོན། དུས་ཡུན་རིང་བོར་ཆུ་བེད་པུའུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིའི་མཐོ་ཚད་ནས་ཡར་ལངས་ཏེ། སྲིད་ཇུས་དང་རྣམ་གྲངས། འཇོན་མི་སོགས་ཀྱི་ཐད་བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ལས་དོན་སོ་སོའི་ཐད་མུ་མཐུད་ཕན་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་། ཆུ་བེད་ལས་དོན་ལེགས་པོར་སྒྲུབ་པ་ནི་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་གྱི་ནང་དོན་གལ་ཆེན་དང་། བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་འགན་སྲུང་གལ་ཆེན་ཡིན། བོད་ལྗོངས་ཀྱིས་ཆུ་བེད་པུའུ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བོད་ལྗོངས་ཀྱི་གནས་ཚུལ་དང་ཆུའི་གནས་ཚུལ་ཟུང་འབྲེལ་བྱས་ཏེ་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་ཞུ་སྒྲུབ་པ་དང་ཆུའི་བདེ་འཇགས་འགན་སྲུང་ལག་བསྟར་གྱི་མ་ལག་བཙུགས་ནས། “ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”ཆུ་བེད་འཆར་འགོད་བཟོ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། འབྲེལ་འདྲིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་དོན་ལམ་སྲོལ་བཙུགས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཕྲོད་མཐུན་གྱི་བོད་ལྗོངས་ཆུའི་དྲ་རྒྱ་འཛུགས་པ་དང་། ཆུའི་ཐོན་ཁུངས་བར་སྟོངས་བཀོད་པར་རྐང་འཛུགས་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་ཆུ་འདྲེན་ཁུལ་དེང་རབས་ཅན་བསྒྱུར་བཀོད་དང་ཆུ་རྒྱུན་ཆུང་འབྲིང་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ། བོད་ལྗོངས་ཆུ་བེད་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཆུ་གྲོན་ཞིབ་འཇུག་དང་ཆུའི་ཐོན་ཁུངས་དོ་དམ། འཆར་འགོད་བཟོ་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་པ། “ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པར”མུ་མཐུད་ཤུགས་བསྣན་ནས་ལས་བྱེད་པའི་བྱང་ཚད་ནུས་པ་ཇེ་མཐོར་གཏོང་དགོས།
ལི་གོ་ཡིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”ཚུན་དུ་ཆུ་བེད་པུའུ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བོད་ལྗོངས་ཀྱི་ཆུ་བེད་ལས་དོན་ལ་ཕན་འབྲས་ལེགས་པོ་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་གཟུགས་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་པ། ཆུ་ལོག་སྔོན་འགོག་དང་གེགས་སེལ་ནུས་པ་སྔར་ལས་ཆེ་རུ་ཕྱིན་པ། ཆུའི་སྐྱེ་ཁམས་སྲུང་སྐྱོང་སྔར་ལས་གཏིང་ཟབ། གྲངས་འཛིན་ཆུ་བེད་མ་ལག་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་བཅས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ལ་སྐུལ་སྤེལ་དང་དམངས་སེམས་སྡུད་པ། མཐུན་སྒྲིལ་ཆེ་བ། ཡུན་རིང་ལ་ཕན་པའི་ཆུ་བེད་རྣམ་གྲངས་སྐོར་ཞིག་གངས་ལྗོངས་མཐོ་སྒང་དུ་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་པ་དང་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་ཡོད་པས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པར་ཆུའི་བདེ་འཇགས་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།
ལི་གོ་ཡིང་གིས་ནན་གྱིས་བསྟན་དོན། ཆུ་བེད་བོད་སྐྱོར་ལས་དོན་གྱི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་འགངས་ཆེན་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དུས་གརབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དམིགས་ནས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་ལེགས་པོར་སྒྲུབ་པ། གནད་འཁེལ་བོད་སྐྱོར་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་སྐྱོར། དུས་ཡུན་རིང་བོར་བོད་སྐྱོར་བཅས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། བོད་ལྗོངས་ཀྱི་སྤྱིའི་གནས་ཚུལ་དང་ཆུའི་གནས་ཚུལ་ལ་གཞིགས་ནས་ཆུ་ལོག་གནོད་འཚེ་འགོག་སྲུང་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་སྡེབ་སྒྲིག་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས་ཆུ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་པ། གྲངས་འཛིན་ཆུ་བེད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་བ་དང་། བོོད་ལྗོངས་ཀྱི་ཆུ་བེད་བཅོས་སྐྱོང་དོ་དམ་ནུས་པ་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྐྱོར་འཆར་འགོད་བཟོ་བ་དང་། དོན་འཁྱོལ་ཕན་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ཆེ་བའི་བྱེད་ཐབས། སྔར་ལས་དངོས་སྒྲུབ་བྱ་སྤྱོད་ཀྱིས་ཆུ་བེད་བོད་སྐྱོར་ལས་དོན་ཐད་ཕན་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་པའོ་ཨུན་གྱིས་ཚོགས་འདུར་མགོ་འཛིན་གནང་། རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀུང་ཧུའེ་ཚའེ་བམ་ཚེ་རིང་ཕུན་ཚོགས། འབྲི་ཆུའི་ཆུ་བེད་ཨུ་ལྷན་གྱི་ཀྲུའུ་རེན་ལིའོ་ཀྲི་ཝེ། རྨ་ཆུའི་ཆུ་བེད་ཨུ་ལྷན་གྱི་ཀྲུའུ་རེན་ཙུའུ་ལེ་མིང་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག ཆུ་བེད་པུའུ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འཐུས་མིས་གཏམ་བཤད་སྤེལ་རེས་བྱས། །
འཕྲིན་སྟེགས། weikangba