ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚེས22ཉིན་གྱི་སྔ་དྲོར་ཧང་ཀྲོའུ་རུ་འཛམ་གླིང་སྐྱེ་དངོས་ཚོམས་སྲུང་སྐྱོབ་ས་ཁུལ་གྱི་ཚོགས་ཆེན་སྐབས་ལྔ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཟླ9པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཧང་ཀྲོའུ་རུ་འཛམ་གླིང་སྐྱེ་དངོས་ཚོམས་སྲུང་སྐྱོབ་ས་ཁུལ་གྱི་ཚོགས་ཆེན་སྐབས་ལྔ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་ཇུས་ཆེན་དུ་བརྩིས་ནས། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་སྐྱེ་ཁམས་ངོ་མཚར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་ཡོད།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐད་འགྲན་སློང་དྲག་པོར་འཕྲད་ཡོད་པས། ལག་གདང་སྦྲེལ་ནས་སྐྱེ་དངོས་ཚོམས་སྲུང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁོང་གིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནི་མཐུན་སྦྱོར་མཉམ་འགུལ་བྱས་ནས། གོ་ལ་ཧྲིལ་པོའི་མཉམ་ལས་ཧུར་ཐག་གིས་སྤེལ་བ་དང་། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་ཀྱི་སྤྱི་དམངས་སོགས་ཕྱོགས་མང་པོར་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནི་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གྲུབ་འབྲས་མཉམ་སྤྱོད་ཐད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དང་ས་ཁུལ་བར་གྱི་ཆ་འཕྲིན་དང་ཤེས་བྱའི་ཧེ་བག་ཇེ་ཆུང་དུ་གཏོང་དགོས། གསུམ་ནི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པར་དོ་སྣང་བྱས་ཏེ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། འཕེལ་རྒྱས་དང་སྲུང་སྐྱོབ་མཐུན་སྦྱོར་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་མཉམ་དུ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཨ་ཙུའུ་ལའེ་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། དབྱི་ལང་གི་སྲིད་འཛིན་གཞོན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཨན་སཱ་ལི་འགོ་རྩོམ་མཛད་སྒོར་ཞུགས། ཏིང་ཞུའེ་ཞང་གིས་ད་དུང་ཚོགས་ཆེན་གྱི་འགྲེམ་ཁུལ་ལ་སྐོར་གཟིགས་མཛད།
མགོ་རྩོམ་མཛད་སྒོའི་སྔོན་ལ་ཏིང་ཞུའེ་ཞང་གིས་ཨ་ཙུའུ་ལའེ་ལ་མཇལ་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། སློབ་གསོ་དང་། ཚན་རྩལ། འཛམ་གླིང་ཤུལ་བཞག་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ནས། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱ་དགོས་པར་བསྟན།
ཐེངས་འདིའི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་འགན་སྒྲུབ་བྱས། ཀྲུང་ཕྱི་སྲིད་གཞུང་གི་དཔོན་པོ་དང་སྐྱེ་དངོས་ཚོམས་སྲུང་སྐྱོང་ཁུལ་གྱི་འཐུས་མི། ཚན་རྩལ་མི་སྣ། ཁེ་ལས་འགན་ཁུར་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་འཐུས་མི་སོགས་མི1300ལྷག་མགོ་རྩོམ་མཛད་སྒོར་ཞུགས་ཡོད།
ཀྲེ་ཅང་དུ་སྡོད་པའི་སྐབས་སུ། ཏིང་ཞུའེ་ཞང་ད་དུང་ཧང་ཀྲོའུ་མཁར་ནུབ་ཚན་རྩལ་གསར་གཏོད་བར་ཁྱམས་ཆེན་མོ་དང་ཞི་ཧུའུ་སློབ་ཆེན་དུ་ཕེབས་ཏེ། སློབ་གསོའི་ཚན་རྩལ་འཇོན་མི་གཞི་གཅིག་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱིས་ཚན་རྩལ་གསར་གཏོད་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་གནས་ཚུལ་སོགས་ལ་རྟོག་ཞིབ་དང་སྐུལ་འདེད་གནང་། །
འཕྲིན་སྟེགས། weikangba