
ཟླ9པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་སང་ག་ཕོར་སྲིད་གཞུང་གི་དངུལ་གཏོང་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལིན་ཀྲའོ་ཅེ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཟླ9པའི་ཚེས17ཉིན་པེ་ཅིན་དུ་སང་ག་ཕོར་སྲིད་གཞུང་གི་དངུལ་གཏོང་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལིན་ཀྲའོ་ཅེ་ལ་ཐུག་འཕྲད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སང་ག་ཕོར་ཕྱོགས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་སང་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་སྔོན་མཐོང་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་གསར་པར་བསྐྱོད་པ་དང་། ས་ཁུལ་དང་རྒྱལ་ཁབ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་ཇེ་ལེགས་སུ་སོང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་རླིང་ངང་འཕེལ་རྒྱས་ཕྱིན་པ་དང་། ཚན་རྩལ་གསར་སྐྲུན་ལ་གསོན་ཤུགས་ཀྱིས་བརྟས་ཡོད་ལ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱུང་བས། ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ཁེ་ལས་ཀྱིས་དངུལ་གཏོང་ལས་སྤེལ་གྱི་གཤིན་སར་གྱུར་ཡོད། སང་ག་ཕོར་སྲིད་གཞུང་དངུལ་གཏོང་ཀུང་སི་ཚུད་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་རར་ཚོང་ལས་སྤེལ་ནས་སྔར་ལས་ལྷག་པར་ཀྲུང་གོའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
ལིན་ཀྲའོ་ཅེ་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཚད་མཐོའི་བསྟོད་བསྔགས་གནང་བ་དང་། ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་ལ་རེ་བས་ཁེངས་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། སང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་བྱས་རྗེས་འབུལ་འདོད་ཡོད། །
འཕྲིན་སྟེགས། weikangba