སློབ་མའི་ལས་བྱ་ཁྱིམ་བདག་གི་ལས་བྱར་འགྱུར་མི་རུང་།

2025-09-10
446

  འདས་མ་ཐག་པའི་དབྱར་གསེང་སྐབས་སུ་ཁྱིམ་བདག་མང་པོས་ཕྲུ་གུར་དབྱར་གསེང་གི་ལས་བྱ་འབོར་ཆེན་སྒྲུབ་རོགས་བྱ་དགོས་པས་སེམས་ཁྲལ་ཆེན་པོ་བྱུང་། ལྷག་པར་དུ་ལོ་རིམ་དམའ་བའི་སློབ་མའི་ལག་བྲིས་ཚགས་པར་དང་དབྱར་གསེང་ལ་ཡུལ་སྐོར་ཕྱིན་པའི་བརྙན་ཐུང་། ལག་ཤེས་བཟོ་རྩལ་སོགས་ཀྱི་ལས་བྱ་སློབ་མས་རང་རྐྱ་འཕེར་བའི་ངང་ལེགས་སྒྲུབ་བྱེད་དཀའ་བས་ཁྱིམ་བདག་གིས་རོགས་རམ་བྱེད་དགོས་པ་དང་ཐ་ན་ཚབ་སྒྲུབ་བྱེད་དགོས་ཀྱི་ཡོད།

  ཉེ་བའི་ལོ་ཤས་རིང་སློབ་གསོ་པུའུ་ཡིས་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཁྱད་བསད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་མོད། འོན་ཀྱང་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་ཕྱི་ཚུལ་རིང་ལུགས་ཀྱི་ལས་བྱ་ཡང་ཡང་མཐོང་རྒྱུ་ཡོད། སློབ་གྲྭ་མང་པོ་ཞིག་གིས་ཁྱིམ་བདག་ལ་ངེས་པར་དུ་ལས་བྱ་འབྲི་རོགས་དང་ལས་བྱ་དག་བཅོས་བྱེད་རོགས་བྱེད་དགོས་པ་མ་ཟད། བརྙན་ཐུང་བཟོས་ནས་དཔང་བརྟག་བསྐུར་དགོས་པ་དང་། ད་དུང་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་ལག་བྲིས་ཚགས་པར་སྣ་ཚོགས་བཟོ་རོགས་བྱ་དགོས་པ་སོགས་ཀྱི་བླང་བྱ་བཏོན་ནས་ཁྱིམ་བདག་ལ་ཁུར་པོ་བཟོས་ཡོད།

  ལག་བྲིས་ཚགས་པར་སོགས་གསར་གཏོད་རིགས་ཀྱི་ལས་བྱ་བཀོད་སྒྲིག་བྱེད་པ་ནི་ཐོག་མར་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་ཆེད་ཡིན་ལ། འཚོ་བར་ལྟ་ཞིབ་བྱེད་པར་བརྟེན་ནས་རང་ཚུགས་ཀྱིས་བསམ་བློ་གཏོང་བ་དང་། བྱིས་པའི་གསར་གཏོད་ཀྱི་བསམ་བློ་དང་སློབ་གསེང་གི་སྤྲོ་བ་སྐྱེད་སྲིང་བྱེད་ཆེད་ཡིན། འོན་ཀྱང་རྙོག་འཛིང་ཆེ་དྲགས་པའི་ལས་བྱ་ཁ་ཤས་སློབ་མའི་ཤེས་རྟོགས་དང་བསམ་གཞིགས་ནུས་པ་ལས་བརྒལ་བས་ཁྱིམ་བདག་གིས་ཚབ་བྱས་ནས་སྒྲུབ་རྒྱུ་ལས་ཐབས་མེད་པ་རེད། ཁྱིམ་བདག་གིས་ཚབ་བྱས་ཏེ་བཟོས་པའི་ལས་བྱ་སྤུས་དག་དེས་བྱིས་པར་གཞན་བརྟེན་གྱི་བསམ་བློ་སྐྱེས་སུ་འཇུག་པར་མ་ཟད། སློབ་མའི་ཁྲོད་དུ་ཕན་ཚུན་བསྡུར་རེས་དང་གཏམ་འདོད་ཀྱི་བསམ་བློ་འབྱུང་སྲིད། བྱིས་པ་རེ་འགས་རང་ཚུགས་ཀྱིས་བསྒྲུབས་པའི་བརྩམས་ཆོས་ཀྱང་གཞན་ལས་ཞན་པའི་རྐྱེན་གྱིས་སེམས་ཕམ་པ་དང་ཡིད་ཆད་པའི་སྣང་ཚུལ་ཡང་ཡོང་སྲིད་པས། ལས་བྱ་འདི་ལྟར་བསྒྲུབས་ན་ཁྱིམ་བདག་གི་ཁུར་བོ་ཇེ་ལྕི་དང་སློབ་མའི་འཚར་ལོངས་ལ་གནོད་པ་མ་ཟད། གསར་གཏོད་རིགས་ཀྱི་ལས་བྱའི་ཐོག་མའི་བསམ་འདུན་དང་འགལ་བ་རེད།

  ལས་བྱ་དེ་རིགས་སྣ་ཁ་མང་ཞིང་། ལ་ལ་ནི་གཞི་རིམ་སློབ་གསོ་སྡེ་ཁག་གིས་སློབ་གྲྭའི་བར་དཔྱད་བསྡུར་བྱེད་པའི་ཆེད་དུ་སློབ་ཁུལ་གྱི་ཁྱབ་ཁོངས་སུ་བཀོད་སྒྲིག་བྱས་པའི་སློབ་ཕྱིའི་“གཏན་འཁེལ་གྱི་བྱ་སྤྱོད་”ཡིན་པ་དང་། ལ་ལ་ནི་སློབ་གྲྭས་སློབ་གྲྭའི་རིག་གནས་བསྐྲུན་པ་དང་སློབ་གྲྭའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཇུས་འགོད་བྱས་ནས་སྤེལ་བའི་ཕ་བུའི་ཉེ་དུང་གི་“རང་འདེམས་བྱ་སྤྱོད་”ཡིན། ད་དུང་སློབ་གྲྭ་རེ་གཉིས་ཀྱིས་སློབ་གྲྭ་ཕྱིའི་ལས་ཁུངས་དང་མཉམ་ལས་བྱས་ཏེ་སྤེལ་བའི་བརྗོད་བྱ་གཙོ་བོའི་འགྲན་བསྡུར་རིགས་ཀྱི་བྱེད་སྒོ་ཁ་ཤས་ཀྱང་ཡོད། བྱེད་སྒོ་དེ་དག་དངོས་སྒྲུབ་དྲང་བདེན་དྲང་གཞག་བཅས་ཀྱི་རྩ་དོན་ལྟར་སློབ་མས་རང་འགུལ་གྱིས་ལས་སླ་མོས་སྒྲུབ་ཐུབ་ན་སྐྱོན་ཆེན་པོ་མེད་མོད། འོན་ཀྱང་དོན་དངོས་དང་བྲལ་བ་དང་དཔྱད་བསྡུར་དང་འགྲན་བསྡུར་གང་ཡིན་རུང་ཁྱིམ་བདག་ཞུགས་དྲགས་པ་དང་ཐ་ན་ཚབ་བྱེད་དགོས་པའི་གནས་ཚུལ་དེ་རིགས་ནི་ཐོག་མའི་བསམ་འདུན་ལས་ལོག་པ་ཞིག་རེད།

  སློབ་མའི་ལས་བྱ་དེ་ཁྱིམ་བདག་གི་ལས་བྱར་འགྱུར་མི་རུང་། སློབ་ཁང་གི་སློབ་ཁྲིད་དེ་རྒྱུན་བསྲིངས་བྱེད་ཆོག་ཀྱང་བསྲིངས་རྒྱུ་རིང་དྲགས་མི་རུང་བ་སྟེ། རོལ་དབྱངས་མཛེས་རིག་ངལ་རྩོལ་སོགས་སློབ་ཁང་གི་སློབ་ཁྲིད་བཀོད་སྒྲིག་དེ་ཁྱིམ་དུ་ཁྱེར་ནས་ཁྱིམ་བདག་ལ་སྒྲུབ་ཏུ་འཇུག་མི་རུང་། སློབ་མའི་ཁྱིམ་བདག་གི་ཁུར་པོ་ཇེ་ཡང་དུ་གཏོང་བ་ནི་རང་དགར་བཏང་ནས་ཁ་ཡ་མི་བྱེད་པ་མིན་པར་རོགས་པ་དང་ཐེ་ཞུགས་ཀྱི་ཚད་གཞི་ལེགས་པོར་བཟུང་སྟེ། བྱིས་པ་དང་དངོས་སུ་འགྲོགས་ནས་དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་འཇུག་དགོས་པ་དེ་ཡིན། སློབ་ཕྱིའི་ལས་བྱ་ཡོད་དགོས་མོད། འོན་ཀྱང་དེ་རིགས་ཁྱིམ་བདག་ལ་སྤྲད་ནས་སྒྲུབ་ཏུ་འཇུག་མི་རུང་། འགྲན་བསྡུར་དཔྱད་བསྡུར་སྤེལ་ཆོག་མོད། འོན་ཀྱང་རྫུན་བཟོ་བྱས་ཏེ་བྲོ་བ་བསྒྱུར་མི་རུང་། སློབ་རའི་བྱེད་སྒོ་སྤེལ་ཆོག་མོད། འོན་ཀྱང་སྤེལ་དྲགས་ནས་ཀུན་གྱི་ཁུར་པོར་འགྱུར་མི་རུང་།


  • 顶