ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིང་གིས་གདན་དྲངས་བ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས2ཉིན་བར་ཀྲུང་གོའི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཡོ་ནན་དུ་འཚམས་འདྲིར་ཕེབས་ཤིང་། ཧོ་ནེ་རུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིང་ཆང་། སྲིད་གཞུང་གི་ཙུང་ལི་ཧྥན་མིང་ཀྲེང་བཅས་སོ་སོར་ཐུག་འཕྲད་གནང་སྟེ། ཁྲེན་ཆིང་མིན་དང་གྲོས་མོལ་གནང་བ་མ་ཟད། ཡོ་ནན་གྱི་ཟླ8པའི་གསར་བརྗེ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ལ་ལོ་འཁོར80ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས།
སུའུ་ལིན་དང་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་། ཡོ་ནན་གྱི་ལོ་ངོ80རིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཏེ་བསྟན་དོན། དུས་བབ་གསར་པའི་འོག་ཀྲུང་གོ་ཕྱོགས་གྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ།"སྔར་ལས་དྲུག་གི"སྤྱིའི་དམིགས་འབེན་གཞིར་བཟུང་། རྒྱལ་སྐྱོང་སྲིད་འཛིན་བར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ།"རྒྱུད་གཅིག་ལམ་གཅིག"མཉམ་དུ་འཛུགས་སྐྲུན་བྱེད་པའོ་གྲོས་འགོ་དང"བར་ཁྱམས་གཉིས་དང་སྐོར་བ་གཅིག"གི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་ཐག་དམ་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་དགོས།
སུའུ་ལིན་གྱིས་ཀྲའོ་ལེ་ཅིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ཀྲུང་གོ་ཕྱོགས་གྱིས་ཡོ་ནན་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སོ་སོར་རོགས་རམ་ཆེན་པོ་འདོན་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། ཡོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་རོལ་ཡུལ་གྱི་བླང་བྱ་དང་། འཐབ་ཇུས་ཀྱི་གདམ་ག་དང་ཨང་དང་པོ་བཅས་སུ་བརྩིས་ནས། ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལམ་བུའི་སྟེང་ལག་གདང་སྦྲེལ་ནས། ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་རྫོགས་ལྡན་དུས་རབས་གཉིས་པ་མཉམ་དུ་འབྱེད་འདོད་ཡོད།
ལིང་ཆང་དང་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་སྟེ་བསྟན་དོན། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་དུས་བབ་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་དང་། གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཕན་ཚུན་གྱི་ལས་དོན་བྱ་གཞག བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་ཡོ་ནན་གཉིས་ཕན་མཉམ་རྒྱལ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བཅས་བྱས་ཏེ། མཉམ་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་ལྡོག་རླབས་འགོག་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས། ལིའང་ཆང་གིས་ཀྲའོ་ལེ་ཅིར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་སྤྲོད་གནང་རོགས་ཞུས་པ་དང་། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྙིང་ཐག་པ་ནས་དགའ་སྤྲོ་སྐྱེས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མོ་ངོས་འཛིན་གཅིག་མཐུན་བཞག་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཇེ་མགྱོགས་སུ་བཏང་སྟེ། ཡོ་ནན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་མི་སེམས་སུ་གཤགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཧྥན་མིང་ཀྲེང་ལ་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཕན་ཚུན་གཉིས་ཕན་དང་མཉམ་ལས་རྒྱ་ཆེར་གཏོང་བའི་བར་སྟོང་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། སྲོལ་རྒྱུན་མངའ་ཁོངས་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། གསར་དར་མངའ་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕྱོགས་མང་ཉོ་ཚོང་གི་ལམ་སྲོལ་དང་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་ཕྲེང་འབྲེལ་ཤར་གཏོང་ཐུབ་པར་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཧྥན་མིང་ཀྲེང་གིས་མིག་སྔར་ཡོ་ནན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཡོ་ནན་ཕྱོགས་ཀྱིས"རྒྱུད་གཅིག་ལམ་གཅིག"གྲོས་འགོའི་སྒྲོམ་གཞིའི་འོག་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྕགས་ལམ་འཛུགས་སྐྲུན་སོགས་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་དོན་འཁྱོལ་བྱེད་པར་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། །
འཕྲིན་སྟེགས། weikangba