ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས2ཉིན་གྱི་དགོང་མོར་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འོཁར80ལོན་པར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨེར་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་རིང་། ཀྲུང་གོ་དང་མ་ལེ་ཞི་ཡའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་བྱས་ཏེ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། དེང་སྐབས་འཛམ་གླིང་ནི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད་པས། ཀྲུང་གོ་དང་མ་ལེ་ཞི་ཡས་ངེས་པར་དུ་མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་ཐ་ན་འཛམ་གླིང་གི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་ཐུག་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་གྱིས་མ་ལེ་ཞི་ཡའི་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་སྔར་ལས་དམ་ཟབ་བྱས་ཏེ། ཕན་ཚུན་གྱི་འབྲེལ་བའི་ལྟེ་བའི་ཁེ་ཕན་གནད་དོན་ཐད་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་གྱིས་མ་ལེ་ཞི་ཡའི་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་ནས། གསབ་རེས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ཆུ་ཚད་མཐོ་བའི་མཉམ་ལས་གཉིས་ཕན་བྱེད་འདོད་ཡོད། ཕྱོགས་གཉིས་གྱིས་སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་དུ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འཕར་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ། དངུལ་གཏོང་དང་ཆོད་དོན་རིམ་སྤར་གྲོས་མོལ་སྔ་མོ་ནས་སྤེལ་མགོ་བརྩམས་པ། རྨང་གཞིའི་སྒྲིག་བཀོད་དང་། མི་ཐབས་རིག་ནུས། ནུས་ཁུངས་གསར་པ་སོགས་མངའ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། "རྒྱལ་ཁབ་གཉིས་དང་གླིང་ཁུལ་གཉིས"དང་། ཤར་མཚོ་འགྲམ་གྱི་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་སྐྱེད་མཁོ་སྤྲོད་ཕྲེང་འབྲེལ་དང་། རིན་ཐང་ཕྲེང་འབྲེལ། གྲངས་འཛིན་ཕྲེང་འབྲེལ། ཤེས་ལྡན་མི་སྣའི་ཕྲེང་འབྲེལ་བཅས་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་པར་སྔར་ལས་སྟབས་བདེ་བསྐྲུན་ནས། སློབ་གསོ་དང་། ཡུལ་སྐོར། ལུས་རྩལ་སྨྱན་སྦྱོར། རིག་མཛོད་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་མ་ལེ་ཞི་ཡའི་ཕྱོགས་ཀྱིས་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མ་ལེ་ཞི་ཡའི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་སྒོ་ནས《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག》ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཨན་ཝ་ཨེར་གྱིས་བསྟན་དོན། ཀྲུང་གོས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་ལས་འཛམ་གླིང་གི་ཡུན་རིང་ཞི་བདེ་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཕྱོགས་གྱི་འགན་འཁྲི་མངོན་པ་མཚོན་ཡོད། ཀྲུང་གོ་ནི་མ་ལེ་ཞི་ཡའི་ཡིད་རྟོན་རུང་བའི་རོགས་ཟླ་དང་གྲོགས་པོ་ཡིན། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྣམ་གྲངས་ཆེན་པོའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་ཐབས་རིག་ནུས། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་མངའ་ཁོངས་དང་རྒྱལ་གྲོལ་ཐོངས་མཆན་ཆག་ཡང་དུ་གཏོང་བ་གོ་སྐབས་སུ་བརྩིས་ནས་ཡུལ་སྐོར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དེ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་ཆེད་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཀྲུང་གོ《ཞི་བདེ་རྒྱ་མཚོ་ལས་བརྒལ་བའི་ཕྱོགས་ཡོངས་དང་ཡར་ཐོན་གྱི་རོགས་ཟླའི་འབྲེལ་བའི་ཆོད་དོན》ཁྲོད་ཞུགས་པར་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba