ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས2ཉིན་པེ་ཅིན་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་བྱེད་སྒོར་ཞུགས་པར་ཕེབས་པའི་དབྱི་ལང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་ལ་ཐུག་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱི་བར་ལ་སྲོལ་རྒྱུན་གྱི་མཛའ་གྲོགས་གཏིང་ཟབ་ཡོད། ཕྱི་འབྲེལ་བཙུགས་པའི་ལོ་ངོ54རིང་། ཕྱོགས་གཉིས་བར་གྱི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་རྒྱུན་འཁྱོངས་བྱས་ཡོད། དེ་རིང་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲུབ་འབྲས་ལྡན་པའི་ཐུག་འཕྲད་གནང་སྟེ། ཀྲུང་གོ་དང་དབྱི་ལང་གི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་གྱིས་དབྱི་ལང་ཕྱོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་དབྱི་ལང་གི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།
ཕེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ་དང་། དབྱི་ལང་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། བཙན་དབང་བཙན་ཤེད་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས། དབྱི་ལང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཏུང་ཧྥེང་སོགས་ཐུག་འཕྲད་ལ་ཞུགས། །