ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས1ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་རྩེ་ཚོགས་མཇུག་འགྲིལ་སྐབས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་རྩེ་ཚོགས་གསར་འགྱུར་ལྟེ་གནས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨེར་མེ་ཁི་པ་ཡེ་ཧྥུ་དང་མཉམ་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་གནང་བ་མ་ཟད་དྲི་བར་ལན་བཏབ།
ཝང་དབྱི་ཡིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཀྲུང་གོའི་གྲོང་ཁྱེར་གྱི་མིང་བཏགས་པ་དང་། ཀྲུང་གོ་གསར་འཛུགས་ནང་ཞུགས་པར་མ་ཟད། སྤྱི་ཁྱབ་པུའུ་ཀྲུང་གོར་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཐོག་མ་དེ་ཡིན། དེ་བཙུགས་པའི་ལོ་ངོ24རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་གཉིས་ཕན། འདྲ་མཉམ། གྲོས་མོལ། དཔལ་ཡོན་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ནས། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། དེ་རིང་གི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་རྒྱལ་ཁབ27ལས་གྲུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་། ས་ཁོངས་ཁྱབ་ཁོངས་ཨེ་ཤེ་ཡ་དང་ཡོ་རོབ། ཨ་ཧྥེ་རི་ཁ་བཅས་གླིང་ཆེན་གསུམ་ལས་བརྒལ་བ་དང་། མི་འབོར་བསྡོམས་འབོར་འཛམ་གླིང་གི་ཕྱེད་ཀ་ཙམ་ཟིན་ལ། དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་ཡོངས་ཀྱི་བཞི་ཆའི་གཅིག་ཙམ་ཟིན་པས། དེང་སྐབས་འཛམ་གླིང་གི་མི་འབོར་མང་ཤོས་དང་མངའ་ཁོངས་རྒྱ་ཆེ་ཤོས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཡོད་པའི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཏུ་གྱུར་ཡོད། ཐེན་ཅིན་རྩེ་ཚོགས་ནི་ཀྲུང་གོ་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཐེངས་ལྔ་པ་དེ་ཡིན།
ཝང་དབྱི་ཡིས་བསྟན་དོན། འདི་ནི་ད་བར་དུ་གཞི་ཁྱོན་ཆེ་ཤོས་ཀྱི་རྩེ་ཚོགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དང“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འདུར་གཙོ་སྐྱོང་བྱས་ནས། ཕྱི་རྒྱལ་གྱི་མགོ་ཁྲིད་པའམ་ཡང་ན་ཁོང་ཚོའི་འཐུས་མི23དང་། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ10དང་མཉམ་དུ་མཛའ་གྲོགས་གླེང་བ་དང་། མཉམ་ལས་ཐུན་མོང་གྲོས་མོལ། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་ཞིབ་བཅས་བྱས་པ་རེད།
འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་བྱེད་པའི་རྩེ་ཚོགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། གཅིག་མཐུན་བརྩོན་ལེན་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་མཉམ་ཁེ། སྒོ་འབྱེད་བསྟུན་མཁས། དྲང་གཞག་དྲང་བདེན། དངོས་སྒྲུབ་ནུས་ཆེ་བཅས་མཐའ་འཁྱོངས་བྱེད་པའི་འདོད་ཚུལ་གལ་ཆེན་བཏོན་པ་རེད། “མཐའ་འཁྱོངས་ལྔ”དེ“ཧྲང་ཧའེ་ཡི་སྙིང་སྟོབས”དང་རྒྱུད་རྒྱུན་གཅིག་མཚུངས་ཡིན་པས། “ཧྲང་ཧའེ་ཡི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་བསྩལ་ཡོད་པས། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་ཚད་མཐོའི་གདེང་འཇོག་དང་ཧུར་ཐག་གིས་དང་ལེན་བྱས།
འདི་ནི་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་རྩེ་ཚོགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་གཞི་བཏོན་པ་དེ་ད་ཐེངས་ཀྱི་རྩེ་ཚོགས་ཀྱི་བཀྲག་མདངས་ཆེ་ཤོས་སུ་གྱུར་ཡོད། དེང་སྐབས་འཛམ་གླིང་ལ་འཕྲད་པའི་བཅོས་སྐྱོང་མཚལ་ཡིག་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། མི་གཞི་རྩར་འཛིན་པ་དར་སྤེལ་གཏོང་བ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་རེ་འབོད་བྱས་པ་རེད། རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཐུན་མོང་ཐོག་འཛུགས་པ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་ཕྱོགས་སུ་བསྐྱོད་དགོས། ཚོགས་ཞུགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་པ་ཚང་མས་དེའི་ཐད་དགའ་བསུ་དང་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ཁྱབ་ངང་དང་ལེན་དང་ཁས་ལེན་བྱས།
འདི་ནི་གྲུབ་འབྲས་ཆེས་ཕུན་སུམ་ཚོགས་པའི་རྩེ་ཚོགས་ཤིག་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་མིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། གྲོས་གཞི་དང་འདོད་ཚུལ་རབ་དང་རིམ་པ་བཏོན་ནས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་བྱུང་།
ཝང་དབྱི་ཡིས་བསྟན་དོན། ན་ནིང་ཟླ7པར། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་ཚུན། འགུལ་སྐྱོད་ཀྱིས་སྣེ་ཁྲིད་བྱེད་པ་དང་དངོས་སྒྲུབ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱེད་སྒོ་སྣ་ཚོགས་ཐེངས200ལྷག་སྤེལ་བ་དང་། གྲུབ་འབྲས་ཀྱི་ཡིག་ཆ92སྤེལ་ཞིང་། མཉམ་ལས་ཀྱི་གྲོས་གཞི་གལ་ཆེན36བཏོན། ང་ཚོས་མཛའ་མཐུན་དང་མཐུན་སྒྲིལ། དངོས་སྤྱོད། དེ་བཞིན་གྲུབ་འབྲས་ཕུན་སུམ་ཚོགས་པའི་རྩེ་ཚོགས་ཤིག་འཚོག་རྒྱུའི་ཁས་ལེན་ལག་བསྟར་བྱས་ཏེ།“ཀྲུང་གོའི་དམ་རྟགས”མངོན་གསལ་དོད་པོས་བཞག་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་བས་མཐུན་སྒྲིལ་དང་དེ་བས་མཉམ་ལས་གཙོར་འཛིན། དེ་བས་གསོན་ཤུགས་ཕུན་སུམ་ཚོགས་པ། དེ་བས་གྲུབ་འབྲས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསླེབ་རྒྱུར་སྐུལ་འདེད་བཏང་སྟེ། དེ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན། །
འཕྲིན་སྟེགས། weikangba