ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏེ་ལ་ཐུག་འཕྲད་གནང་བ།

2025-09-02
350

ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏེ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏེ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོས་ཁ་ཧྲན་དུ་རྒྱལ་ཁའི་ངང་ཐུག་འཕྲད་གནང་བ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་བསྐྱར་དུ་མགོ་ཚུགས་ནས་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། ཀྲུང་གོ་དང་རྒྱ་གར་ནི་ཤར་ཕྱོགས་ཀྱི་གནའ་བོའི་ཤེས་རིག་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཁྱིམ་མཚེས་མཛའ་མཐུན་གྱི་གྲོགས་པོ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་རོགས་ཟླ་བྱས་ཏེ། "འབྲུག་དང་གླང་ཆེན་མཉམ་དུ་རྩེད་པ"མངོན་འགྱུར་བྱ་རྒྱུ་དེ་ནི་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱི་ཡང་དག་པའི་གདམ་ག་ཞིག་ཡིན་འོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་རེད། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་ཏེ། ཐེན་ཅིན་གྱི་ཐུག་འཕྲད་བརྒྱུད་དེ་སླར་ཡང་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཐོག་མར་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། ཕན་ཚུན་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས། མཉམ་ལས་རོགས་ཟླ་ཡིན་པ་ལས་ཁ་གཏད་མིན་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་བྱེད་པ་ལས་འཇིགས་སྐུལ་མིན་པ་བཅས་ཀྱི་ཁ་ཕྱོགས་ཆེན་པོ་དེ་གནད་ལ་འཁེལ་ཐུབ་ཚེ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་ནི་རྩ་འཛིན་གསལ་པོ་དང་བརྟན་བརླིང་ཡུན་རིང་ཡོང་ཐུབ་པ་ཡིན། གཉིས་ནི་འགྲོ་འོང་མཉམ་ལས་རྒྱ་སྐྱེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་དང་རྒྱ་གར་གཉིས་ཀ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། འཕེལ་རྒྱས་ཀྱི་མཐུན་ཆ་ཆེ་ཤོས་དེར་དམིགས་ནས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་སྐུལ་འདེད། ཕན་ཚུན་མཉམ་རྒྱལ་བཅས་བྱེད་དགོས། གསུམ་ནི་ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་བྱས་ནས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་ཀྱིས་ལོ་ངོ70ལྷག་གི་ཡར་སྔོན་དུ་དར་སྤེལ་གནང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལ་གཅེས་འཛིན་དང་དར་སྤེལ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ལ་ནུས་ཤུགས་ཆེན་པོས་སྲུང་སྐྱོང་བྱེད་དགོས་པ་ལས། མཐའ་མཚམས་གནད་དོན་གྱིས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཧྲིལ་པོར་མཚན་ཉིད་འཇོག་མི་རུང་། བཞི་ནི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་དགོས། ལོ་རྒྱུས་ཀྱི་འགན་འཁྲི་ཐུན་མོང་ཐོག་མངོན་པར་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོང་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། 

ཟླ8པའི་ཚེས31ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏེ་ལ་ཐུག་འཕྲད་གནང་།

མོ་ཏིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་ཐུག་འཕྲད་བྱས་པ་དེས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སླར་ཡང་དགེ་མཚན་ལྡན་པའི་བགྲོད་ལམ་སྟེང་སླེབས་པ་དང་། མཐའ་མཚམས་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ་ཐད་བསྐྱོད་སླར་གསོ་བྱ་རྒྱུ་ཡིན་པ་དང་། གྲུབ་འབྲས་དེ་དག་གིས་རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ལའང་ཕན་ཁེ་བསྐྲུན་ཐུབ། རྒྱ་གར་དང་ཀྲུང་གོ་ནི་རོགས་ཟླ་ཡིན་པ་ལས་ཁ་གཏད་མིན་པ་དང་། ཐུན་མོང་གི་ངོས་འཛིན་ནི་མི་མཐུན་པའི་ཕྱོགས་ལས་ཧ་ཅང་ཆེན་པོ་ཡོད་པས། རྒྱ་གར་ཕྱོགས་ཀྱིས་ཡུན་རིང་གི་ཟུར་ཚད་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་འདོད་ཡོད། འཛམ་གླིང་དཔལ་འབྱོར་ཚད་མཐོའི་ངེས་གཏན་མིན་པའི་མདུན་དུ། རྒྱ་གར་དང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་མཐའ་མཚམས་གནད་དོན་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་འདོད་ཡོད། རྒྱ་གར་དང་ཀྲུང་གོ་གཉིས་ཀྱིས་འཐབ་ཇུས་རང་བདག་དང་རང་ཚུགས་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱོགས་གསུམ་པའི་ཤུགས་རྐྱེན་ཐེབས་ཀྱིན་མེད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱིས་དུས་རབས21པ་དེ་དངོས་གནས་ཨེ་ཤེ་ཡའི་དུས་རབས་སུ་འགྱུར་རྒྱུ་དང་། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱོགས་མང་རིང་ལུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། ཐེན་ཅིན་རྩེ་ཚོགས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། 

ཚའེ་ཆི་དང་ཝང་དབྱི། ཁྲེན་རྨིན་ཨེར་སོགས་ཐུག་འཕྲད་ལ་ཞུགས། །


  • 顶