ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་བ།

2025-09-02
207

ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུར་ཁེ་གཉིས་ནི་གསར་དར་རྒྱལ་ཁབ་ཆེན་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་ལ། ཚང་མ་རང་བཙན་རང་བདག་གི་སྙིང་སྟོབས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ཐུར་ཁེའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་དར་རྒྱས་ཡོང་བའི་བགྲོད་ལམ་ཐོག་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཐུར་ཁེའི་འཐབ་ཇུས་མཉམ་ལས་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་བསླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ཐུར་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར55ལོན་པ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། གཅིག་ནི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་གྱི་གྲོས་གཞི་དང"དཀྱིལ་དབུས་ཀྱི་བར་ཁྱམས"འཆར་གཞི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲུལ་སྐྱེལ་མེ་འཁོར་གྱི་ལྷོ་ཕྱོགས་ཀྱི་བགྲོད་ལམ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ལ། དཔལ་འབྱོར་ཚོང་དོན་དང་རིག་གནས། ཡུལ་སྐོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། ནུས་ཁུངས་གསར་པ་དང5G། སྐྱེ་དངོས་སྨན་རྫས་སོགས་མཉམ་ལས་ཀྱི་ཁྱད་ཆོས་གསར་པ་གཏོད་དགོས། གསུམ་ནི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་ལམ་དང་སྒྲིག་སྲོལ་སྲུང་སྐྱོང་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་ལེགས་སྐྱེས་འབུལ་དགོས། 

ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།

ཨའེ་ཨེར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ། "རྒྱུད་གཅིག་ལམ་གཅིག"སྤུས་ཚད་མཐོ་བའི་སྒོ་ནས་མཉམ་སྐྲུན་བྱེད་པ་དང་། ཉོ་ཚོང་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གསར་པ། ཞིང་ལས་བཟའ་བཏུང་། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། སློབ་གསོ་དང་ཡུལ་སྐོར་སོགས་ཐད་ཀྱི་མི་ཆོས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཤུགས་ཆེན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ལག་བསྟར་བྱ་རྒྱུ་ཡིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རྩེ་ཚོགས་ཤིག་འཚོག་ཉེར་ཡོད་པས། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དང་འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཐུར་ཁེ་ཕྱོགས་ཀྱིས་དབུས་ཤར་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་དྲང་གཞག་ལངས་ཕྱོགས་ལ་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད། 

ཚའེ་ཆི་དང་ཝང་དབྱི། ཁྲེན་རྨིན་ཨེར་སོགས་ཐུག་འཕྲད་ལ་ཞུགས། ། 


  • 顶