
ཟླ8པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁཱ་ལུའོ་ཉི་དང་གྲོས་མོལ་བྱས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཁཱ་ལུའོ་ཉི་དང་གྲོས་མོལ་བྱས།
ཀྲའོ་ལེ་ཅི་ཡིས་གསུངས་དོན། ཀྲུང་གོ་དང་སུའེ་ཙེར་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་བདེ་ཐང་སྒོས་འཕེལ་རྒྱས་བྱུང་ཞིང་། དེས་འདྲ་མཉམ་དང་གསར་གཏོད། མཉམ་རྒྱལ་བཅས་ཀྱི་མཉམ་ལས་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ། འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ནས། ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོར་ཀྲུང་གོ་དང་སུའེ་ཙེར་གྱིས་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་བཏང་། རྣམ་པ་ལེགས་པོ་འདི་སྲུང་འཛིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་རྐྱེན་སྲོལ་བེད་སྤྱོད་ཡག་པོ་དང་། ཕན་ཚུན་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཕྱི་ནང་གི་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་བཏང་ནས། འཐབ་ཇུས་ཡིད་རྟོན་སྔར་ལས་ཤུགས་དྲག་ཏུ་གཏོང་དགོས། ཐེ་ཝན་གནད་དོན་ནི་ཀྲུང་གོའི་སྲོག་ཤིང་ཁེ་ཕན་ཁྲོད་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས། རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་ཆེད་འབད་བརྩོན་བྱེད་པའི་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་གྱུར་པའི་ཚུན་དུ། ཕྱོགས་གཉིས་ཀྱི་དངུལ་གཏོང་ཉོ་ཚོང་ནུས་འཕར་ལ་སྐུལ་འདེད་གཏོང་བར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་ཀྱིས་གྲོས་ཆོད་ཀྱི་རིམ་པ་སྤར་བའི་གྲོས་མོལ་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཞི་རྒྱ་སྔར་ལས་ཆེ་ཇེར་བཏང་ནས། མི་ཐབས་རིག་ནུས་དང་འཕྲུལ་ཆས་མི། མི་མེད་གནམ་གྲུ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གཞི་མྱུར་དུ་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་དང་ཐོན་ལས་ཕྲེང་འབྲེལ། མཁོ་སྤྲོད་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་སྲུང་སྐྱོང་བྱེད་པ་དང་། སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་འདོད་ཡོད། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་དང་། འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོང་བྱས་ནས། ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ། ཁྲིམས་འཛུགས་ལས་ཁུངས་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་མཛའ་འབྲེལ་ཚན་ཆུང་། དམངས་ཆེན་འཐུས་མི་དང་གྲོས་མིའི་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྗེ་རེས་གཏིང་ཟབ་དང་དེར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་རྒྱུ་ཡིན།
ཀྲའོ་ལེ་ཅི་ཡིས་ཀྲུང་གོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཁོང་གིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་ཐད་ནས། ཀྲུང་གོ་དང་སུའེ་ཙེར་བར་འདྲ་ས་དང་གཅིག་མཚུངས་གི་གནས་མང་པོ་ཡོད་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། འགྱུར་ལྡོག་དང་རྙོག་འཛིང་སྣོལ་འབྲེལ་གྱི་འཛམ་གླིང་ལ་སྔར་ལས་མང་བའི་བརྟན་འཇགས་རང་བཞིན་དང་དྲང་ནུས་ཀྱི་སྟོབས་ཤུགས་འབུལ་དགོས།
ཁཱ་ལུའོ་ཉི་ཡིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་དང་འཛམ་གླིང་བཅོས་སྐྱོང་ཐད་ཀྱི་ཟབ་ཞུགས་མཁན་གལ་ཆེན་ཞིག་ཡིན་ལ། སུའེ་ཙེར་གྱི་གྲོགས་པོ་འདང་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་ལྡན། སུའེ་ཙེར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་རིང་། ཕྱོགས་གཉིས་ཀྱི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཆེ་བའི་སྒོ་ནས་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཉམ་ལས་ལས་དོན་སྤེལ་རྒྱུ་ཡིན། སུའེ་ཙེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཅིང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་དང་མཛའ་བརྩེའི་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་། ཚན་རྩལ། མི་ཆོས། སློབ་གསོ། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། རང་མོས་ཉོ་ཚོང་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་ཤུགས་སྣོན་འདོད་ཡོད།
ཞའོ་ཅེ་གྲོས་མོལ་ཁྲོད་ཞུགས། །
འཕྲིན་སྟེགས། weikangba