ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅོ་ལྔ་པར་མགོ་འཛིན་མཛད་པ།

2025-08-28
348


ཟླ8པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཞབས་ཞུ་ཉོ་ཚོང་གི་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཆེད་དོན་སློབ་སྦྱོང་ཐེངས་བཅོ་ལྔ་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཞབས་ཞུ་ཉོ་ཚོང་གི་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཆེད་དོན་སློབ་སྦྱོང་ཐེངས་བཅོ་ལྔ་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་། རིགས་ལམ་རྒྱ་ཆེར་གཏོང་བ། ཞབས་ཞུའི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཉོ་ཚོང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་ལམ་ལུགས་གསར་པ་འཛུགས་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་སློབ་གཙོ་ཀྲའོ་ཀྲུང་ཞུའུ་ཡིས་འགྲེལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥིན་དང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།

ལི་ཆང་གིས་འགྲེལ་བཤད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཅུང་མགྱོགས་མོད། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་ད་དུང་ཧེ་བག་ཡོད། ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་རང་རྒྱལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་བསྟུན་ནས། ཞབས་ཞུའི་ཉོ་ཚོང་གི་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ངེས་པར་དུ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་ཚད་རང་འགུལ་ངང་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ཉོ་ཚོང་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། ཞབས་ཞུའི་ནང་འདྲེན་ལ་ཁོར་ཡུག་ལེགས་པོ་བསྐྲུན་དགོས། འཇོན་མི་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་པ་དང་། མངའ་ཁོངས་ལས་བརྒལ་བའི་མ་དངུལ་དོ་དམ་ཇེ་ལེགས་སུ་བཏང་སྟེ། གཞི་གྲངས་རྒྱལ་མཚམས་ལས་བརྒལ་ནས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ནང་འདྲེན་ལ་བརྟེན་ནས་ས་གནས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་ཁྲོམ་རའི་འགྲན་རྩོད་ཁྲོད་རང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

ལི་ཆང་གིས་བསྟན་དོན། རང་རྒྱལ་གྱི་ལེགས་ཆར་བརྟེན་ནས་ཞབས་ཞུ་ཕྱིར་གཏོང་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། དགེ་མཚན་ལྡན་པའི་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཕྱིར་གཏོང་བྱེད་ཚད་ཆེ་རུ་བཏང་ནས། སྤུས་ལེགས་བཟོ་སྐྲུན་ཁེ་ལས་དེ་ཐོན་རྫས་བཟོ་སྐྲུན་ཚོང་པ་ནས་ཕྱོགས་བསྡུས་ཞབས་ཞུའི་མཁོ་འདོན་ཚོང་པ་རུ་འགྱུར་བར་ཁྲིད་སྟོན་བྱེད་དགོས། གསར་དར་ཁྱབ་ཁོངས་ཀྱི་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཞབས་ཞུའི་ཉོ་ཚོང་དང་། མི་ཐབས་རིག་ནུས་དང་ཞབས་ཞུའི་ཉོ་ཚོང་མཉམ་འདྲེས་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་སུ་གཏོང་དགོས། ཁྱད་ལྡན་ཁྱབ་ཁོངས་ཀྱི་ཞབས་ཞུ་ཕྱིར་གཏོང་གི་སྦས་ཤུགས་སྔོག་འདོན་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞབས་ཞུ་ཆེད་ལས་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། །


  • 顶