ད་ལོ་ནས་བཟུང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་ཡོད། དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་ཆེ་རུ་ཕྱིན་ཞིང་། སྤུས་མཐོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་བརྟན་འགྲོ་བཞིན་ཡོད།
ད་ལོ་ནས་བཟུང་། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཁ་ཕྱོགས་ཡག་པོ་མངོན་ཞིང་། དམངས་གཉེར་ཁེ་ལས་བྱེ་བ་ལྔ་ས་ཡ་བརྒྱད་ལ་ཟིན་པས། རྒྱུན་ཆད་མེད་པར་དམངས་གཉེར་ཁེ་ལས་ཁ་གྲངས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད། རང་རྒྱལ་གྱི་ཁེ་ལས་བཅུ་རེའི་ཁྲོད། ཉུང་མཐའ་ཡང་ཁེ་ལས་དགུ་ནི་དམངས་གཉེར་ཁེ་ལས་ཡིན་ལ། བསྟུད་མར་དུས་ཚིགས་ཉེར་གཅིག་ལ་དུས་མཉམ་ལས་ཇེ་མང་་སོང་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་མུ་མཐུད་དུ་མང་ཤོས་ཡིན་པ་དང་། ཕྱི་ཚོང་སྟོབས་ཤུགས་གཙོ་བོའི་གོ་གནས་སྔར་བས་ཇེ་བརྟན་སོང་ཡོད་པས། དམངས་གཉེར་ཁེ་ལས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པའི་སྟོབས་ཤུགས་གསར་པ་ཡིན་ལ། སྤུས་མཐོའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཐུགས་ཁུར་བྱེད་བཞིན་ཡོད་དེ། ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། ཁོང་གིས་ཅིན་ཅང་གི་ཉམས་མྱོང་གསར་གཏོད་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལས་གཏོད་གསོན་ཤུགས་འདོན་སྤེལ་བྱ་དགོས་པའི་བླང་བྱ་བཏོན། ཁེ་ལས་ལ་རྟོག་ཞིབ་ཟབ་མོ་གནང་སྐབས། ཁོང་གིས་དམངས་གཉེར་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་སྤུས་མཐོའི་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་འདོན་དགོས་ཞེས་སྐུལ་མ་གནང་བ་རེད།
ད་ལོའི་ཟླ་བ་གཉིས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁོང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བྱེད་ཐབས་ནན་ནན་ཏིག་ཏིག་གིས་ལག་ལེན་བསྟར་དགོས་པ་དང་། མཐའ་གཅིག་ཏུ་ཁྲིམས་ལྟར་ཐོན་སྐྱེད་རྒྱུ་ཆ་འདྲ་མཉམ་བེད་སྤྱོད་དང་དྲང་གཞག་སྒོས་ཚོང་རའི་འགྲན་རྩོད་ནང་ཞུགས་པའི་བཀག་རྒྱ་སྣ་ཚོགས་སེལ་དགོས་ལ། དམངས་གཉེར་ཁེ་ལས་ཀྱི་རྩིས་དངུལ་འགོར་འགྱངས་གནད་དོན་སེལ་བར་ཤུགས་འདོན་ཞིང་ཁྲིམས་འཛིན་ལྟ་སྐུལ་ཇེ་དྲག་གཏོང་དགོས་ཞེས་གསུངས་པས། ད་ལྟ་དང་མ་འོངས་པའི་དུས་རིམ་ཞིག་གི་ནང་དམངས་གཉེར་དཔལ་འབྱོར་བདེ་ལེགས་ངང་འཕེལ་རྒྱས་འགྲོ་བ་དང་། སྤུས་མཐོའི་འཕེལ་རྒྱས་ཡོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད།
ད་ལོ་ནས་བཟུང་། ཁྲིམས་སྐྱོང་གིས་སྲུང་སྐྱོབ་དང་། སྲིད་ཇུས་ཀྱིས་ཤུགས་བརྒྱབ་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ཞེས་པ་བཀྲམ་ནས་ལག་བསྟར་བྱས་རྗེས། ཐེངས་དང་པོར་དམངས་གཉེར་དཔལ་འབྱོར་གྱི་བཅའ་ཁྲིམས་གོ་གནས་གཏན་ཁེལ་བྱས་པ་རེད། ཚོང་རའི་ནང་ཞུགས་ལྡོག་ཕྱོགས་རྩིས་ཐོ་གསར་པའི་དོན་ཚན་སྔར་ལས་ཇེ་ཉུང་བཏང་ནས། ཁེ་ལས་འཕེལ་རྒྱས་ཀྱི་གོ་སྐབས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད། ཁེ་ལས་སྐོར་གྱི་རིན་བསྡུའི་དཀར་ཆག་རྩིས་ཐོའི་ལམ་ལུགས་སྔར་ལས་འཐུས་ཚང་བཏང་བ་དང་། ཁེ་ལས་སྐོར་གྱི་ཁྲིམས་བསྟར་ཚད་ལྡན་གཏོང་བའི་ཆེད་དོན་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ་རེད། སྲིད་ཇུས་རབ་དང་རིམ་པའི་གཅིག་བསྡུས་མཐུན་སྦྱོར་ནུས་པ་མངོན་བཞིན་ཡོད་ལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོང་རའི་ཁོར་ཡུག་སྔར་ལས་ལེགས་བཅོས་གཏོང་བཞིན་ཡོད་དེ། ད་ལོ་ནས་བཟུང་། རྨང་གཞིའི་སྒྲིག་ཆས་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་མགྱོགས་པོར་སྒོ་ཕྱེ་ནས། ལས་གཞི་གལ་ཆེན་ནང་གི་དམངས་གཉེར་ཁེ་ལས་ཀྱི་ནུས་པ་སྔར་ལས་རྒྱས་པར་བྱེད་ཅིང་། སྤུས་ལེགས་ལས་གཞི་སུམ་སྟོང་ཉིས་བརྒྱ་ལྷག་གཅིག་བསྡུས་ཀྱིས་བཏོན་ནས། ལོ་སྟོད་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་དམངས་ཁྲོད་དངུལ་གཏོང་བརྒྱ་ཆའི་དགུ་ཚེག་ལྔ་འཕར་བར་སྐུལ་ཁྲིད་བྱས་ཡོད། དངུལ་རྩ་གཏོང་ཕྱོགས་གནད་འཁེལ་བྱས་ནས། ད་ལོའི་ཟླ་བ་དྲུག་པའི་ཟླ་མཇུག་བར་དུ། ཁེ་ལས་ཆུང་ཕྲན་གྱི་དངུལ་བསྲེས་མཐུན་སྦྱོར་ལས་ཀར་རྒྱབ་སྐྱོར་བྱེད་པའི་ནང་རྐྱེན་བརྒྱུད་ནས། དངུལ་ཁང་གིས་འབྲེལ་ཡོད་ཚོང་གཉེར་བྱེད་མཁན་ལ་ཡིད་རྟོན་སྒོར་དུང་ཕྱུར་ཆིག་འབུམ་སུམ་ཁྲི་དྲུག་སྟོང་གསར་སྣོན་བྱས་ཡོད།
གསར་གཏོད་རྩལ་ཆས་ར་བའི་ནང་། དམངས་གཉེར་ཁེ་ལས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད། དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་ཞིབ་འཇུག་གསར་གཏོད་བྱས་པའི་རྒྱལ་ཐོན་བཀོལ་སྤྱོད་མ་ལག་གིས་སྒེར་གྱི་གློག་ཀླད་ཁྱབ་ཁོངས་སུ་ཐོད་བརྒལ་གལ་ཆེན་བྱས་ཤིང་། དམངས་གཉེར་ཁེ་ལས་ཀྲུང་གོའི་དཔལ་འབྱོར་གྱི་སྐོར་གསར་པའི་རིག་ནུས་ཅན་གྱི་རིམ་སྤར་ཁྲོད་ཧུར་ཐག་གིས་ཞུགས་ཡོད་ལ། རྒྱལ་ཁབ་རིམ་པའི་ཆེད་སྤུས་དམིགས་གསར་གྱི་ཁེ་ལས་འཇོན་ཐང་ཅན་གྱི་ཁྲོད་དུ། དམངས་གཉེར་ཁེ་ལས་ཀྱིས་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་ཡོད། ཨང་ཀིའི་དཔལ་འབྱོར་གྱི་ཐོན་ལས་གཙོ་བོ་དང་རྒྱལ་ཁབ་ལག་རྩལ་རྩེ་གྲའི་ཁེ་ལས་ཁྲོད་དམངས་གཉེར་ཁེ་ལས་ཀྱི་བཟུང་ཚད་ཚང་མ་བརྒྱ་ཆའི་དགུ་བཅུ་ལས་བརྒལ་ཡོད། དམངས་གཉེར་དཔལ་འབྱོར་གྱི་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནུས་པ་བསྟུད་མར་འཕར་ཡོད་དེ། ལོ་སྟོད་དུ་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་ལོ་རྒྱུས་དུས་མཉམ་ནང་ཐེངས་དང་པོར་སྒོར་དུང་ཕྱུར་ཆིག་འབུམ་གཉིས་ཁྲི་ལས་བརྒལ་ནས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བདུན་ཚེག་གསུམ་འཕར་ཞིང་། རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་ནང་བཟུང་ཚད་བརྒྱ་ཆའི་ང་བདུན་ཚེག་གསུམ་ལ་ཟིན་ནས། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་གཉིས་ཚེག་གསུམ་འཕར་ཡོད། ལྷག་པར་དུ་དམངས་གཉེར་ཁེ་ལས་གྱི་ཕྱིར་གཏོང་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་བཏང་ནས། སྒྲིག་ཆས་བཟོ་བསྐྲུན་ལས་རིགས་ཐོན་རྫས་ཀྱིས་ཕྱེད་ཀ་ཙམ་བཟུང་ཡོད། ལོ་སྟོད་ལ། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་གྱི་མདུན་གྲལ་དུ་གནས་པའི་ཁེ་ལས་ལྔ་བརྒྱའི་ཁྲོད་དུ། དམངས་གཉེར་ཁེ་ལས་ཉིས་བརྒྱ་བཅོ་བརྒྱད་ཡོད་པས། དམངས་གཉེར་ཁེ་ལས་སྔར་ལས་མང་པོ་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ཁྲོད་འཚར་ལོངས་དང་དར་རྒྱས་འགྲོ་བཞིན་ཡོད་པ་རེད།
འཕྲིན་སྟེགས། weikangba