ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་བྷ་རེ་ཟིའི་ཙུང་ཐུང་ལུའུ་ལཱ་དང་ཞལ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷ་རེ་ཟིའི་འབྲེལ་བ་ནི་ལོ་རྒྱུས་ཐོག་དུས་རིམ་ཡག་ཤོས་ཤིག་ལ་གནས་ཡོད་ལ། ཀྲུང་གོ་དང་བྷ་རེ་ཟིའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཀྱི་འགོ་ཡག་མོ་ཚུགས་ཤིང་བྱ་ལས་བདེ་ལེགས་སྤེལ་བཞིན་ཡོད། ཀྲུང་གོས་བྷ་རེ་ཟི་དང་མཉམ་དུ་གོ་སྐབས་དམ་འཛིན་དང་གཅིག་གྱུར་འཆར་འགོད་ཇེ་དྲག་བཏང་ནས་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་གཏོད་པ་དང་། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོའི་མཐུན་སྒྲིལ་གྱི་རང་སྟོབས་དཔེ་སྟོན་འཛུགས་ཤིང་། ལག་གདང་སྦྲེལ་ཏེ་སྔར་ལས་དྲང་བདེན་དང་སྔར་ལས་རྒྱུན་མཐུད་ཀྱི་སའི་གོ་ལ་འཛུགས་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ལུའུ་ལ་ཡིས། བྷ་རེ་ཟི་ཡིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་མཉམ་ལས་ཇེ་དྲག་གཏོང་བ་དང་འཐབ་ཇུས་འབྲེལ་མཐུད་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་སྒུག་ཡོད། ལུའུ་ལ་ཡིས་བྷ་རེ་ཟི་དང་ཨ་རིའི་འབྲེལ་བའི་ཉེ་ལམ་གྱི་གནས་ཚུལ་དང་བྷ་རེ་ཟི་ཡིས་རང་ཉིད་ཀྱི་བདག་དབང་ལ་རྦད་དེ་སྲུང་སྐྱོང་བྱེད་པའི་རྩ་བའི་ལངས་ཕྱོགས་མཚམས་སྦྱོར་གནང་བར་མ་ཟད། ཀྲུང་གོས་སྣ་མང་རིང་ལུགས་རྒྱུན་འཁྱོངས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་འགན་འཁུར་བའི་ནུས་པ་ཐོན་པ་ལ་བསྟོད་ར་གནང་། བྷ་རེ་ཟི་ཡིས་ཀྲུང་གོ་དང་མཉམ་དུ་བྷོད་གསེར་སོགས་སྣ་མང་ནང་རྐྱེན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ཇེ་དྲག་གཏོང་བ་དང་། ཕྱོགས་ལྷུང་གི་བཙན་ཤེད་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་བྷ་རེ་ཟིའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། བྷ་རེ་ཟི་ཡིས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཡོད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ནས། ཕྱོགས་ལྷུང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དར་ཆ་གསལ་པོར་བསྒྲེང་དགོས། བྷོད་གསེར་ནང་རྐྱེན་ནི་འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བའི་སྟེགས་བུ་གལ་ཆེན་ཡིན་པས། བྷ་རེ་ཟི་ཡིས་བྷོད་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་ཞལ་འཛོམས་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་བདེན་རིང་ལུགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་སྒྲིག་སྲོལ་ལ་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་བྷ་རེ་ཟི་ཡིས་མུ་མཐུད་དེ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པའེ་ལུན་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་པར་ཁག་ཐེག་བྱས་ནས། ཞི་བའི་མཛའ་བརྩེའི་ཚོ་ཆུང་གིས་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉེན་ཁ་ཐག་གཅོད་ལ་ཕན་པ་འདོན་དགོས་ཞེས་གསུངས།
འཕྲིན་སྟེགས། weikangba