ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་བཞི་པ་ཟླ་10པར་འཚོཊ་རྒྱུ།

2025-07-31
331

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྒྱུའི་གཏན་འཁེལ་བ་དང་། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་7ཚེས་30ཉིན་གྲོས་ཚོགས་འཚོགས་ནས། ད་ལོའི་ཟླ་10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྒྱུའི་གཏན་འཁེལ་ཡོད། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད། གྲོས་ཚོགས་ཐོག མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

     གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་མཚམས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པར་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་མཚམས་ཤིག་ཡིན། རང་རྒྱལ་གྱི་གོང་འཕེལ་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་ཡོད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་རྩོད་མཉམ་དུ་གནས་པ།  ངེས་གཏན་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་པ། དེ་དང་ཆབས་ཅིག་རང་རྒྱལ་གྱི་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་དང་། བཟང་ཆ་མང་བ། ལྡེམ་ཤུགས་ཆེ་བ། གོང་འཕེལ་གཏོང་གཞི་ཆེ་བ་བཅས་ཡོད། ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་བཟང་ཆ། ཐོན་ལས་མ་ལག་ཆ་ཚང་བའི་བཟང་ཆ། ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་བཟང་ཆ་བཅས་སྔར་བས་མངོན་གསལ་དོད་པོ་ཡོད། འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་དང་། རྒྱལ་ཁ་ཐོབ་ངེས་པའི་སེམས་ཤུགས་ཆེ་རུ་གཏོང་བ། ཧུར་བརྩོན་ཆེན་པོས་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། རྒྱལ་སྤྱིའི་ཛ་དྲག་པའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་པ་བཅས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ལ་འགག་གཏོར་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱ་རྒྱུ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་དམིགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལྟེ་བའི་ལས་འགན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་ནུས་ལྡན་དང་འབོར་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་བྱར་རྒྱུར་སྐུལ་འདེད་གཏོང་བ། མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་གོམ་སྟབས་བརྟན་པོ་སྤོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

     གྲོས་ཚོགས་ཐོག འདི་ལོ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ས་ཁུལ་ཁག་དང་ཚན་པ་ཁག་གིས་ཧུར་ཐག་འབད་ཐག་གིས་བྱ་བ་བསྒྲུབས་པ་དང་། འགག་སྒྲོལ་དཀའ་སེལ་བྱས་པ།  སྔར་བས་ཧུར་བརྩོན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་གང་མགྱོགས་ལག་ལེན་བསྟར་བ་བཅས་ཀྱི་ཐོག་ནས། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ་དང་། སྤུས་མཐོའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོའི་མཚོན་ཚུལ་བཟང་པོ་བྱུང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཡག་པོ་བྱུང་བ། བསྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ། དམངས་འཚོའི་མཐིལ་སྐྱོར་འགན་ལེན་ལ་སྔར་བས་ཤུགས་ཆེར་ཕྱིན་ནས། རང་རྒྱལ་གྱི་དཔལ་འབྱོར་ལས་གསོན་ཤུགས་དང་ལྡེམ་ཤུགས་ཆེན་པོ་མངོན་ཡོད་པའི་ངོས་འཛིན་བྱས་ཡོད།

   གྲོས་ཚོགས་ཐོག མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་ཉེན་ཁ་དང་འགྲན་རྩོད་མི་ཉུང་བ་འཕྲད་ཡོད་པས། དུས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། མཐའ་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་ཀྱི་གོ་སྐབས་དང་། མི་མངོན་པའི་སྟོབས་ཤུགས། བཟང་ཆ་བཅས་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱིས། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་གོང་འཕེལ་འགྲོ་བའི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་མགྱོགས་མྱུར་ཆགས་པར་བྱེད་པ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་པ། སྟབས་བསྟུན་རང་བཞིན་དང་སྔོན་དཔག་རང་བཞིན་ཆེ་རུ་གཏོང་བ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་རྒྱག་པ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལྡན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་ཀྱི་ཐོག་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་འབད་བརྩོན་ཆེན་པོས་ལེགས་གྲུབ་བྱེད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

     གྲོས་ཚོགས་ཐོག སྤྱི་ཁོག་སྲིད་ཇུས་ཀྱིས་རྒྱུན་མཐུད་ནུས་པ་འདོན་པ་དང་དུས་ཐོག་ཏུ་ཤུགས་སྣོན་རྒྱག་དགོས། སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་གྱི་ལྷུག་གཏོང་དངུལ་ལོར་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། སྲིད་ཇུས་ཀྱི་ཕན་ནུས་གང་ལེགས་ཐོན་པར་བྱ་དགོས།  སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བེད་སྤྱོད་མགྱོགས་སུ་བཏང་ནས། མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས། གཞི་རིམ་གྱི་འགན་ལེན་གསུམ་གྱི་མཐའ་ཐིག་བརྟན་པོ་སྲུང་དགོས། དངུལ་ལོར་སྲིད་ཇུས་ཀྱི་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་རུབ་བསྡུས་ཀྱི་མ་གནས་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། གྲུབ་གཞིའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་ཁག་བེད་སྤྱོད་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་། འཛད་སྤྱོད་ལ་སྐུལ་སྤེལ། ཁེ་ལས་ཆེས་ཆུང་གྲས། ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས། འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པའི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། ཚོང་ཟོག་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་ཆབས་ཅིག ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གནས་གསར་པ་གསོ་སྤེལ་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཁྲོད་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་དགོས། སྤུས་མཐོའི་སྒོ་ནས“གནད་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

     གྲོས་ཚོགས་ཐོག བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གསར་དར་ཀ་རྟེན་ཐོན་ལས་གསོ་སྤེལ་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་ལམ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་གོ་རིམ་མེད་པའི་འགྲན་རྩོད་བཅོས་སྒྲིག་བྱ་དགོས། ལས་རིགས་གཙོ་བོའི་ཐོན་ནུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་ཚོང་འགུག་མ་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱས་ནས། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་མ་དངུལ་གྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་བ་བྱེད་དགོས། བརྡབ་གསིག་ཅུང་ཆེ་ཙམ་ཕོག་པའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་རོགས་རམ་བྱས་ནས། མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱིར་གཏོང་ཁྲལ་སློག་སྲིད་ཇུས་ལེགས་སུ་བཏང་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སོགས་སྒོ་དབྱེའི་སྟེགས་བུ་ཆུ་ཚད་མཐོ་བའི་སྒོ་ནས་འཛུགས་སྐྱོང་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

     གྲོས་ཚོགས་ཐོག ཁྱབ་ཁོངས་གཙོ་བོའི་ཉེན་ཁ་རྒྱུན་མཐུད་སྔོན་འགོག་དང་སེལ་དགོས། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་དང་བརྟན་བརླིང་ངང་སེལ་བ་དང་། མངོན་མེད་བུ་ལོན་གསར་དུ་བསྣན་པར་བཀག་སྡོམ་བྱས་ཏེ། ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་གཙང་བཤེར་བྱེད་པར་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་མ་རྩའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་ཁོང་ཡངས་རང་བཞིན་ཆེ་རུ་གཏོང་བ་དང་། མ་རྩའི་ཁྲོམ་ར་བརྟན་ལྷིང་སླར་གསོ་དང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག དམངས་འཚོ་འགན་སྲུང་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། ལས་ཞུགས་གལ་ཆེ་བར་འཇོག་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་མི་ཚོགས་གཙོ་བོའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་གསུམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་ཕོངས་སུ་འགྱུར་བའི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་གལ་ཆེ་ཤོས་སུ་བཞག་ནས། བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འབྲུབ་འགོག་འཕྲལ་སྡོམ་དང་ཉེན་སྐྱོབ་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་སྟེ། དབྱར་ཁའི་ནུས་ཁུངས་དང་གློག་ཤུགས་བེད་སྤྱོད་བྱེད་མང་བའི་དུས་ཀྱི་མཁོ་སྤྲོད་ལ་འགན་ལེན་གང་ལེགས་བྱེད་དགོས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་བཟོ་སྒྲིག་ལས་ཀ་ལེགས་པར་བསྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།

     གྲོས་ཚོགས་ཐོག ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ལྟར་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས། ཁེ་ལས་མཁས་པས་སྣེ་ཁྲིད་བྱེད་ཕོད་པ་བྱས་ནས། སྤུས་ཀ་ལེགས་པའི་ཐོན་རྫས་དང་ཞབས་ཞུའི་ཐོག་ནས་ཁྲོམ་རའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པར་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་བྱ་དགོས་ཞེས་བསྟན་ཡོད།

     གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།

  • 顶