པེ་ཅིན་ལ་དྲག་ཆར་བབས་ནས་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

2025-07-30
240

ཐེངས་འདིའི་དྲག་ཆར་བབས་ཚུན་ནས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་བར་དུ་པེ་ཅིན་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་༡༦༥.༩ཡིན་པ་དང་། ཆར་ཆུ་འབབ་ཚད་ཆེ་ཤོས་ཀྱི་སྨི་ཡུན་ལང་ཧྥང་ཁོག་དང་ཀྲུའུ་ཅ་ཁོག་ཏུ་ཧའོ་སྨི་༥༤༣.༤ལ་ཟིན། ཆར་ཆུ་འབབ་ཚད་ཆེ་ཤོས་ཧུའེ་རོའུ་ཏུང་ཁོག་ཏུ་བྱུང་ཡོད་ལ། ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་པ་ནས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་པའི་བར་དུ་ཆར་ཆུ་ཧའོ་སྨི་༩༥.༣བབས་པ་རེད། བསྟུད་མར་ཆར་པ་ཧ་ཅང་ཆེན་པོ་བབས་ནས་གནོད་འཚེ་ཚབས་ཆེན་བཟོས་ཡོད། པེ་ཅིན་གྲོང་ཁྱེར་ཡོངས་སུ་གནོད་འཚེའི་རྐྱེན་གྱིས་མི་༣༠རྐྱེན་ལམ་དུ་ཤོར་བའི་ནང་ལ་སྨི་ཡུན་ནས་མི་༢༨དང་ཡན་ཆིང་ནས་མི་༢ཤི་བ་རེད། གནོད་འཚེ་ཕོག་པའི་ས་ཁུལ་གྱི་བགྲོད་ལམ་༣༡ལ་གཏོར་བརླག་ཐེབས་པ་དང་། ཤིན་དབྱང་ལམ་ཐིག་དང་ཞི་ཧུའོ་ལམ་ཐིག་སོགས་ལམ་ཐིག་༡༦ད་དུང་ཞིག་གསོ་ཐུབ་མེད་པ་དང་། གྲོང་ཚོ་༡༣༦ལ་གློག་ཆད་པ་དང་བརྡ་འཕྲིན་སྒྲིག་བཀོད་ལས་ཁྱོན་འོད་འཁྲིད་ཚི་སྐུད་༦༢ལ་གཏོར་བརླག་ཐེབས། གཞི་ཚུགས་༡༨༢༥གོ་མི་ཆོད་པར་གྱུར་འདུག

གནོད་འཚེ་བྱུང་རྗེས། པེ་ཅིན་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་སྔོན་འགོག་དང་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ལོག་སྔོན་འགོག་དང་ཆུ་ལོག་འགོག་པའི་བྱེད་ཐབས་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ། ཞན་ས་དང་གནད་འགག་ལ་དམ་པོར་དམིགས་ནས་མྱུར་སྐྱོབ་སྟོབས་ཤུགས་དང་གེགས་སེལ་དངོས་ཟོག་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད།

མིག་སྔར་པེ་ཅིན་གྲོང་ཁྱེར་ཡོངས་སུ་བསྡོམས་པས་མི་༨༠༣༣༢གནས་སྤོས་པ་དང་གནས་སྤོས་མི་སྣ་མང་ཤོས་ཀྱི་ས་ཁུལ་གསུམ་ནི་སྨི་ཡུན་དང་ཧོའེ་རོའུ། ཧྥང་ཧྲན་བཅས་ཡིན་པ་རེད། སྨི་ཡུན་ཆུས་ཀྱི་ཞང་དང་གྲོང་རྡལ་༡༩ནས་མི་༡༦༩༣༤གནས་སྤོས་པ་དང་། ཧོའེ་རོའུ་ཆུས་ཀྱི་ཞང་དང་གྲོང་རྡལ་༡༥ནས་མི་༡༠༤༦༤གནས་སྤོས་པ་རེད། ཧྥང་ཧྲན་ཁུལ་གྱི་ཞང་དང་གྲོང་རྡལ་༢༡ནས་མི་༩༩༠༤གནས་སྤོས་པ་རེད། གནོད་འཚེ་ཕོག་ཁུལ་གྱི་རོགས་སྐྱོབ་དང་། མང་ཚོགས་བཀོད་སྒྲིག མྱུར་སྐྱོབ་མྱུར་གསོའི་འབྲེལ་ཡོད་ལས་ཀ་ཁག་མུ་མཐུད་དུ་སྒྲུབ་བཞིན་ཡོད། གནོད་འཚེ་ཕོག་རིང་ལ་རྒྱ་ཆེའི་གྲོང་མིས་གནམ་གཤིས་སྔོན་བརྡ་དང་ཉེན་ཟོན་སྔོན་བརྡ་གཏོང་བར་དོ་ཁུར་བྱེད་པ་དང་དགོས་ངེས་མ་གཏོགས་ཉེན་ཁ་ཡོད་པའི་ས་ཁོངས་སུ་མི་འགྲོ་བར་ཞུ། 

  • 顶