ཞི་ཅིན་ཕིང་གིས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་ཐུག་འཕྲད་གནང་།

2025-07-28
415

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་ལྔ་པ་བསྡུ་བར་ཕེབས་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏེ་ལའེ་ཨིན་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་ལྔ་པ་བསྡུ་བར་ཕེབས་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏེ་ལའེ་ཨིན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་པའི་ལོ་ངོ50རིང་ལ། བརྗེ་རེས་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས། ཕན་ཚུན་ལ་ཕན་ཐོགས་པར་མ་ཟད་འཛམ་གླིང་ལའང་ཕན་ཁེ་བསྐྲུན་ཡོད་ཅིང་།  དེའི་ཁྲོད་ཀྱི་ཉམས་མྱོང་གལ་ཆེན་དང་བློ་སྐྱེད་ནི་ཕན་ཚུན་ལ་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་བཞག    སྒོ་འབྱེད་མཉམ་ལས།  གཉིས་ཕན་མཉམ་རྒྱལ་བཅས་ཡིན། འདི་ནི་མ་འོངས་པར་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་དང་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་ལོ་ཡིན་པས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དེ་ཡང་ལོ་རྒྱུས་ཀྱི་གནད་འགག་གི་དུས་མཚམས་སུ་སླེབས་ཡོད།  ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་པ་དང་སྒོ་འབྱེད་མཉམ་ལས་ཀྱི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་དར་སྤེལ་གཏོང་བཞིན་ཡོད་པས།  རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱིས་འབྲེལ་འདྲིས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་སྟེ། མཉམ་ལས་ཟབ་སྤེལ་བྱེད་དགོས། མགྱོགས་མྱུར་ངང་འཕོ་འགྱུར་འབྱུང་བཞིན་པའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་ཟིང་འགྱུར་མཉམ་གནས་ཀྱི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པས་སྔར་བཞིན་གཟིགས་རྒྱང་རིང་བོ་དང་ཁག་ཁུར་བྱེད་དགོས་ལ། མི་དམངས་ཀྱི་རེ་སྒུག་དང་མཐུན་ཞིང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པའི་འཐབ་ཇུས་ཀྱི་གདམ་ག་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་དགོས་ཤིང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པའི་ལོ་ངོ50འབད་པས་བཏོད་དེ། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་བཞེད་དགོངས་གསུམ་བཏོན་པ་སྟེ། གཅིག་ནི་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྒྱུན་བསྐྱངས་ནས། གྲོགས་པོའི་འབྲེལ་བའི་ངེས་གནས་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ནི་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཡིན་པས། འཆམ་མཐུན་དང་ཁོང་ཡངས། མཉམ་ལས།  མཉམ་རྒྱལ་བཅས་ཀྱི་འདོད་ཚུལ་རྒྱུན་འཁྱོངས་བྱས་ཡོད། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་བརྒྱུད་མྱོང་བའི་བགྲོད་ལམ་གྱིས་ཀྲུང་གོར་བསྡུར་བ་ཞིག་བྱས་ན། ཀྲུང་གོའི་ཤེས་རྟོགས་ཐད་ནོར་འཁྲུལ་འབྱུང་སྲིད། ཀྲུང་གོ་དང་ཡོ་རོབ་གླིང་གི་ལོ་རྒྱུས་རིག་གནས་དང་བགྲོད་ལམ་ལམ་ལུགས། འཕེལ་རྒྱས་ཀྱི་དུས་རིམ་བཅས་དངོས་གནས་མི་འདྲ་ནའང།  ཁྱད་པར་འདི་སྔོན་ཆད་ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་བ་འཛུགས་པ་དང་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་བཀག་རྒྱ་རུ་གྱུར་མེད་པས། རྗེས་ཕྱོགས་ཀྱང་ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བཀག་རྒྱ་བཟོ་མི་རུང་། མིག་སྔར་ཡོ་རོབ་གླིང་ལ་འཕྲད་ཡོད་པའི་འགྲན་རྩོད་དེ་ཀྲུང་གོ་ནས་བྱུང་བ་མིན། ཀྲུང་གོ་དང་ཡོ་རོབ་གླིང་བར་ལ་རྩ་བའི་ཕན་གནོད་ཀྱི་འགལ་ཟླ་དང་ས་ཁོངས་བར་གྱི་ཆབ་སྲིད་ཀྱི་འགལ་བ་མེད་པས། མཉམ་ལས་དེ་འགྲན་རྩོད་ལས་གལ་ཆེ་ཞིང་། ཐུན་མོང་གི་ངོས་འཛིན་དེ་འགལ་བ་ལས་མང་བས་གཞི་རྩའི་ཆ་དང་རྩ་བའི་གཞི་གདངས་ལ་འགྱུར་བ་གང་ཡང་བྱུང་མེད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་མཐོང་སྣེ་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་ལྟ་བ་དང་འཕེལ་རྒྱས་གཏོང་བཞིན་ཡོད་ལ། ཡོ་རོབ་གླིང་དེ་འཛམ་གླིང་སྣེ་མང་ཁྲོད་ཀྱི་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ནས། ཡོ་རོབ་གླིང་གཞི་གཅིག་ཅན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་བདམས་པའི་བགྲོད་ལམ་དང་ལམ་ལུགས་ལ་བརྩི་འཇོག་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ནས། ཀྲུང་གོ་དར་རྒྱས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་རེ་བ་བཅངས་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དེ་ཕྱོགས་གསུམ་པར་མི་དམིགས་ཤིང་དེ་ལ་མི་བརྟེན་པ་དང་། དེའི་ཚད་བཀག་ཀྱང་ཐེབས་མི་སྲིད། ཕྱོགས་གཉིས་ཀས་འཐབ་ཇུས་འབྲེལ་འདྲིས་གཏིང་ཟབ་བྱེད་པ་དང་། ཕན་ཚུན་རྒྱུས་ལོན་བྱེད་པ་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། ཕན་ཚུན་ལ་རྒྱུས་ཡང་དག་བྱེད་དགོས།

གཉིས་ནི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས་འགལ་ཟླ་ལུགས་མཐུན་སྒོས་ཐག་གཅོད་དགོས། ཕན་ཚུན་ལ་བརྟེན་པ་ནི་ཉེན་ཁ་མིན་ལ། ཁེ་ཕན་མཉམ་འདྲེས་ནི་འཇིགས་སྐུལ་མིན་ཞིང་། འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་རྒྱུར་ཕན་ཚུན་བར་བཀག་རྒྱ་བཟོ་བར་བརྟེན་མི་རུང་ལ། འབྲེལ་ཐག་བཅད་ན་རང་ཉིད་ཁེར་རྐྱང་དུ་ལུས་སྲིད་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱས་ཡོད། ཕན་ཚུན་རྒྱབ་རྟེན་དུ་མི་འཛིན་རུང་མཉམ་ལས་ཇེ་ཉུང་དུ་གཏོང་མི་རུང་། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ཡིན་པས། འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུའང་འགུལ་རྣམ་དོ་མཉམ་ཡོང་ཐུབ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱེད་པ་དང་བར་སྟོང་གསར་པ་རྒྱ་བསྐྱེད་ངེས། ཀྲུང་གོ་དང་ཡོ་རོབ་གླིང་གིས་ལྗང་མདོག་དང་གཞི་གྲངས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཡོ་རོབ་གླིང་ཕྱོགས་ཀྱིས་ཉོ་ཚོང་དང་དངུལ་གཏོང་ཁྲོམ་རའི་སྒོ་འབྱེད་པ་རྒྱུན་འཁྱོངས་དང་། ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་ལག་ཆ་སྤྱོད་པ་གཏན་འགོག་བྱས་ཏེ། ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་གླིང་དུ་དངུལ་གཏོང་ལས་སྐྲུན་བྱེད་པར་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་པའི་རེ་བ་བཅངས་ཡོད།

གསུམ་ནི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་དགོས། དམག་འཁྲུག་དང་ཞི་བདེ། འགྲན་རྩོད་དང་མཉམ་ལས། བཀག་སྡོམ་དང་སྒོ་འབྱེད་བཅས་ཀྱི་གདམ་ག་གལ་ཆེན་ལ་ཁ་གཏད་འཇལ་སྐབས། ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་ནི་ད་གཟོད་ཡང་དག་པའི་དྲིས་ལན་ཡིན། ཀྲུང་གོ་དང་ཡོ་རོབ་གླིང་གིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས་བཙུགས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཤིང་། དུས་བབ་དང་བསྟུན་ནས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་དགོས་པ་དང་། ལག་གདང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཏེ། ཕྱོགས་མང་རིང་ལུགས་ཀྱིས་མིའི་རིགས་མདུན་སྐྱོད་ཀྱི་ལམ་བུར་འོད་སྣང་སྦྱིན་དགོས། ཀྲུང་གོ་དང་ཡོ་རོབ་གླིང་གིས་ཆབ་སྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་རྩོད་གཞི་ཞི་བས་ཐག་གཅོད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོན་དག་གི་ལེགས་ཉེས་བདེན་རྫུན་ལ་གཞིགས་ནས། འདུམ་འགྲིག་གྲོས་མོལ་དང་རྩ་ལག་མཉམ་བཅོས་བྱེད་པའི་འདོད་ཚུལ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ།  ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་གོ་ལ་ཧྲིལ་བོའི་ལྗང་མདོག་ཚུར་སྒྱུར་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྦྲེལ་མཐུད་དང་དངོས་གཉེར་མཉམ་ལས་སྤེལ་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་ལྔ་པ་བསྡུ་བར་ཕེབས་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏེ་ལའེ་ཨིན་ལ་ཐུག་འཕྲད་གནང་།

ཡོ་རོབ་གླིང་ཕྱོགས་ཀྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་སྐོར་གྱི་བཞེད་དགོངས་གསུམ་ནི་གལ་འགངས་ཤིན་ཏུ་ཆེ། འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་རིང་ལ། ཡོ་རོབ་གླིང་དང་ཀྲུང་གོས་ཁྱབ་ཁོངས་ཆེན་པོའི་ཁྲོད་མཉམ་ལས་བྱས་པ་དང་། གཞི་ཁྱོན་དང་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་ནས། ཕན་ཚུན་མཉམ་ལས་དང་ཉོ་ཚོང་གི་གྲོགས་པོ་གལ་ཆེན་དུ་གྱུར་ནས། སོ་སོའི་དཔལ་འབྱོར་དར་རྒྱས་འགྲོ་བ་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པར་རོགས་ཤུགས་བཏོན། ཀྲུང་གོ་འདི་ཉིད་བཟོ་སྐྲུན་ལས་རིགས་དང་ཚན་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ནས་མི་དུང་ཕྱུར་མང་པོ་དབུལ་ཐར་བྱུང་ཞིང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཡོངས་ལ་གཡོ་འགུལ་ཆེན་པོ་ཐེབས་པ་དང་འཛམ་གླིང་ལ་བློ་སྐྱེད་ཆེན་པོ་ཐོབ་པས།  ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་སྔར་ལས་འཕེལ་རྒྱས་ཆེན་པོ་འགྲོ་བར་ཡིད་ཆེས་བྱེད་པར་མ་ཟད་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད།  ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོ་གཉིས་འཛམ་གླིང་སྟེང་གི་སྟོབས་ཤུགས་གལ་ཆེན་ཡིན་ཕྱིར། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་དང་འཛམ་གླིང་ལ་མཚོན་ན་གལ་འགངས་ཤིན་ཏུ་ཆེ། ཡོ་རོབ་གླིང་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་འབད་པ་བྱེད་བཞིན་ཡོད་ལ། འགལ་བ་ཐག་གཅོད་ལེགས་པོ་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་དོ་སྙོམས་དང་། འདྲ་མཉམ། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་སྔར་ལས་དགེ་མཚན་ལྡནཔའི་གྲུབ་འབྲས་མང་པོ་ལེན་པར་སྐུལ་འདེད་གཏོང་བཞིན་ཡོད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་མཚམས་མི་གཅོད་པར་ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་གླིང་དུ་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་བྱེད་བཞིན་ཡོད། རྙོག་འཛིང་ཆེ་ཞིང་གཏན་འཁེལ་མིན་པའི་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་ལ་གདོང་གཏོད་སྐབས། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱིས་འགན་འཁྲི་འཁུར་ནས། མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དགོངས་པ་དང་རྩ་དོན་སྲུང་སྐྱོང་བྱེད་ཅིང་། ལག་གདང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དང་། ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་པར་སྐུལ་འདེད་བཏང་ནས།  འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་དགོས། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་མ་འོངས་པའི་ལོ་ངོ50ཡི་མཚར་སྡུག་གི་ལེའུ་མུ་མཐུད་དུ་འབྲི་བར་རེ་སྒུག་བྱེད་བཞིན་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །


  • 顶