ཁ་གཏད་མཚོ་སྐྱོར་ནི། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཁོག་ལ་གཞིགས་ཤིང་། ཡུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆེད་དུ་གནང་བའི་ཇུས་ཆོད་གལ་ཆེན་ཡིན། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཐུགས་ཁུར་འོག ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་དང་། པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་བཅས་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར6གི་མཚོ་སྐྱོར་ལས་བྱེད་འཇོན་མིས་རི་ཆུ་བརྒལ་བ་དང་། མཐོ་སྒང་ལ་རྐང་བཙུགས་ནས་མཚོ་སྔོན་ལ་བྱས་རྗེས་བཞག མཚོ་སྔོན་གྱི་ཆེད་དུ་གསེར་དངུལ་དངོས་མ་ལྟ་བུའི་རྒྱབ་སྐྱོར་དང་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་མཛའ་བརྩེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་ཉམས་མྱོང་འདུ་ཤེས། ཁག་ཁུར་དངོས་གཉེར་གྱི་སྤྱོད་ཚུལ་ལེགས་པོ་བཅས་བཞག་སྟེ། མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་ཚོར་དུ་བཅུག

མཚོ་སྐྱོར་ལས་བྱེད་པས་མཚོ་སྔོན་ལ་འཁྱེར་ཐབས་མེད་པའི་འཇོན་མིའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཡོད།

ཁ་གཏད་མཚོ་སྐྱོར་གྱིས་ཕྱུགས་ལས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག

མཚོ་སྐྱོར་ལས་བྱེད་པས་ཟས་གསར་མ་རྨོས་ལོ་ཏོག་རྟེན་གཞིའི་འཁོར་སྐྱོར་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

སྨན་བཅོས་མཚོ་སྐྱོར་གྱིས་མཐོ་སྒང་མི་དམངས་ཀྱིས་རང་གི་སྒོ་ཁར“སྨན་པར་སྟོན་ཐུབ་པ་དང་སྨན་པ་བཟང་པོར་སྟོན་ཐུབ་པ”མངོན་འགྱུར་བྱེད་དུ་བཅུག
དབྱར་ཉིན་རིང་མོའི་གསེར་དངུལ་རྩྭ་ཐང་ཡོངས་སུ་རྩྭ་ལྗང་གཡུ་ལོ་ཐགས་སུ་བཀྲ་བ་དང་། སྤྲིན་དཀར་གྱི་འདབ་མས་རྫ་རི་སྨུག་པོའི་སྐེད་པ་གཡོགས་པ་ནི་ན་ཆུང་བུ་མོས་སྐ་རགས་དཀར་པོ་ཞིག་བཅིངས་པ་དང་འདྲ་ཞིང་། སྔོ་ལྗང་གི་ལྭ་འདབས་ཐོག་ཏུ། རྟ་ནོར་ལུག་གསུམ་ནི་མུ་ཏིག་གི་ཕྲ་ཚོམ་བཏབ་པ་དང་ཀུན་ནས་མཚུངས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་ཙོང་ཆུའི་འབྱུང་ཁུངས་གནའ་བ་གསོ་སྤེལ་རྟེན་གཞི་རུ། འགན་འཁུར་པ་དོན་འགྲུབ་ཀྱིས་ཕྱོགས་གཅིག་ནས་གཞི་གྲངས་ཟིན་ཐོར་འགོད་པ་དང་། ཕྱོགས་གཅིག་ནས་གཟན་ཆས་སྡེབ་བཞིན་ཁོམ་ལོང་སྤུ་ཙམ་ཡང་མེད། སྤུ་མདངས་འོད་དུ་འཚེར་ཞིང་ལུས་བོངས་སྟོབས་དང་ལྡན་པའི་གནའ་བ་རེ་རེར་བལྟས་ནས་ཁོའི་གདོང་དུ་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་མངོན་བཞིན་མཆིས།
“ཁྱོད་ཀྱི་གནའ་བར་ཅི་བྱས་སོང་།” སྐབས་དེར། སྐད་གདངས་གསལ་པོ་ཞིག་སྒོ་ཁ་ནས་གྲགས་ཡོང་།
“ཨོ། འདི་ཀྲུའུ་རེན་ཀྲོའུ་མ་ཡིན་ནམ། གཟའ་འཁོར་སྔོན་མར་གནའ་ཕྲུག་གི་ཕོ་བ་བཤལ་སོང་། ཁྱེད་ཀྱིས་དུས་ལྟར་སྨན་བཀོལ་བའི་མཛུབ་སྟོན་མ་བྱས་ཚེ། གོད་ཁ་ཆེན་པོ་འབྱུང་རྒྱུ་རེད།” དོན་འགྲུབ་ཀྱིས་དེར་ཡོང་བ་ཀྲོའུ་ལེ་ཡིན་པ་མཐོང་རྗེས། ལག་ཟུང་མདུན་དུ་བསྲིངས་ནས། མྱུར་སྟབས་ཀྱིས་མདུན་དུ་བསྐྱོད་སོང་།
ཁོ་གཉིས་ཀྱིས་ལག་པ་འཇུས་པའི་སྐད་ཅིག་མ་དེར། གཅིག་གི་མིག་མདངས་ལས་བཀའ་དྲིན་དང་གུས་བཀུར་འོད་དུ་འཚེར་བ་དང་གཅིག་གི་མིག་ཟུང་ལས་སྐུལ་མ་དང་ཡི་རང་མངོན་ཡོད།
རྣམ་པ་འདིས་ནི། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའམ་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ལེ་དང་དོན་འགྲུབ་གཉིས་ཀྱི་མཛའ་གཅུགས་ཟབ་མོ་ཞིབ་འབྲི་བྱས་ཡོད་ལ། ཁ་གཏད་མཚོ་སྐྱོར་བྱས་པ་ནས་བཟུང་། ཀྲོའུ་ལེ་ལྟ་བུའི་མཚོ་སྐྱོར་ལས་བྱེད་པ་གྲངས་མེད་པ་ཅིག་དང་ས་གནས་དེ་གའི་ལས་བྱེད་མང་ཚོགས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་ཐུན་མོང་འབད་འཐབ་བྱས་པའི་དངོས་ཡོད་སྤྲོས་བརྗོད་ཀྱང་ཡོད།
མཚོ་སྐྱོར་དུས་ཡུན་ཐེངས་གསུམ་ལ་ཇེ་རིང་དུ་བཏང་བ་དང་ལོ་ངོ་དྲུག་གི་བརྟན་སྲུང་བློས་གཏོང་བྱས་པ་བརྒྱུད། ཀྲོའུ་ལེ་ཡིས་སྔོན་ཐོན་ཞིང་ཕྱུགས་ལག་རྩལ་གངས་ལྗོངས་མཐོ་སྒང་དུ་འཁྱེར་ཡོང་བ་དང་། ཨུ་ཚུགས་ཀྱི་འཚོལ་སྙེག་གིས་ཤེས་བྱ་དང་རྔུལ་ཆུ་འདྲེས་མའི་མཚོ་སྐྱོར་བགྲོད་ལམ་བཏིངས། བགྲོད་ལམ་འདི་ནི། རི་མཚོ་བརྒལ་བའི་བློས་གཏོང་གི་བགྲོད་ལམ་ཞིག་ཡིན་ཞིང་། རེ་བའི་ས་བོན་གཏོར་བའི་རྨོ་འདེབས་ཀྱི་བགྲོད་ལམ་ཞིག་ཀྱང་ཡིན་ལ། ལག་གདང་སྦྲེལ་ནས་གཉིས་ཕན་གྱི་སེམས་པ་སྣོད་གཅིག་པའི་བགྲོད་ལམ་ཞིག་ཀྱང་ཡིན།
བགྲོད་ལམ་འདིའི་ཐོག་ཏུ། མཚོ་སྐྱོར་ལས་བྱེད་པས་ལྷག་བསམ་ཟོལ་མེད་དང་དད་འདུན་བརྟན་པོ་འཁྱེར་ནས། སྔར་ལས་མང་པོའི་ཁྱད་ལྡན་དགེ་མཚན་ཐོན་ལས་མེད་པ་ནས་ཡོད་པ་དང་ཁ་ཐོར་ནས་གཅིག་སྡུད་བྱས་ཏེ། “གྲང་འཁྱག”དང་བསྟུན་ནས་ཚུགས་པ་དང“མཐོ་སྒང”དང་བསྟུན་ནས་དར།
“pHཐང5.82ཡིན་པ་དང་། དབྱང་རླུང་ཤོང་ཚད་ཧྲིན་རེར་ཧའོ་ཁི12ཡིན་པ། ཆུའི་དྲོད་གྲང6.1℃ཡིན་པས། ཚད་གཞི་དང་མཐུན།” གཞི་གྲངས་འདི་དག་ནི། མཚོ་བྱང་ཁུལ་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་ཆུ་འཁྱག་ཉ་གསོ་སྤེལ་དང་རྒྱུད་སྤེལ་རྟེན་གཞིའི་ཁྲང་ཀྲང་ལིའུ་ལི་ཀྲི་ཡི་སེམས་ལ་རྡོ་བརྐོས་རི་མོ་བཞིན་དུ་བཀོད་ཡོད། ཉིན་རེའི་ཆུ་ཚོད8ཐོག ལིའུ་ལི་ཀྲི་རྟེན་གཞིའི་གསོ་སྐྱོང་འཁོར་ཁང་དུ་བསྐྱོད་པ་དང་། ཉ་རྫིང་གི་འགྲམ་དུ་ཡོང་ནས། གཞི་གྲངས་ཟིན་ཐོར་ཞིབ་མོར་བཀོད་རྗེས། ཉ་གསོ་བ་དང་ཉ་རྫིང་གཙང་སྦྲ་སོགས་ཀྱི་ལས་དོན་གཉེར་མགོ་རྩོམ། “བསམ་མི་ཕོད་པ་ཞིག་རེད། གལ་ཏེ་ཁ་གཏད་མཚོ་སྐྱོར་གྱི་རོགས་སྐྱོར་མེད་ན། མདོ་ལ་རི་རྒྱུད་ནས་བཞུར་ཡོང་བའི་གངས་འཁྱག་དང་དྭངས་གཙང་འཁྱག་ཆུའི་ནང་འཇའ་ཉའི་ཉ་ཕྲུག་ཇི་ལྟར་གསོ་ཐུབ་བམ། སྐམ་མཚོ་སྦྲེལ་མཐུད་ཀྱི་རྟོག་བཟོ་བརྒྱུད། ཧོང་ཧའེ་རྒྱ་མཚོ་དང་སྦྲེལ་ནས། ཉ་ཕྲུག་སྐྱོང་བ་ནས་གསོ་སྤེལ་བར་གྱི་འཁྱག་ཆུའི་ཉ་ཐོན་ལས་ཕྲེང་འབྲེལ་ཞིག་བཙུགས།”
ལེ་བར་བརྒྱད་བརྒྱས་ཆོད་པའི་རྒྱ་མཚོ་ནས་གཙང་གསུམ་འབྱུང་ཡུལ་བར། མཚོ་སྔོན་པོའི་མཚོ་འགྲམ་ནས་ཙོང་ཆུའི་ལུང་ཁོག་བར། མཚོ་སྐྱོར་ལས་བྱེད་པའི་ཁག་ཁུར་དང་བློས་གཏོང་གིས། རྒྱ་ཆེ་བའི་མཚོ་སྔོན་ས་གཞི་ཆེན་པོའི་ཐོག་ཐོན་ལས་དར་ཞིང་མི་དམངས་ཕྱུག་པའི་སྙན་ངག་མཛེས་བརྗིད་ལྡན་པ་ཞིག་བྲིས། ཁོང་ཚོས་རི་མཚོ་བརྒལ་བའི་བློ་གྲོས་སྤྱད་ནས། དཔྱིད་རླུང་ཆར་དུ་བབས་པ་ལྟར། ཤེས་མེད་ཚོར་མེད་ངང་དམངས་འཚོའི་གཤིན་ས་བརླན་པར་བྱས། སྒྲོན་ལྕོག་མཐོན་པོ་བཞིན། མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་ཚད་མེད་གསལ་བར་བྱས།
ད་སྐབས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་ཆེད་ལས་སྦྱང་བཞིན་པའི་བསོད་ནམས་སྐྱིད་ཀྱི་རྐང་མགོར་སྔར་བཞིན་ཅང་སུའུ་ཡི་མཚོ་སྐྱོར་ལས་བྱེད་པའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ཞུས་ཧུང་ཧྥུན་གྱིས་གནང་སྦྱིན་བསྩལ་པའི་ལུས་རྩོལ་ལྷམ་གོན་འདུག ལྷམ་འདི་ནི་མོའི་སེམས་ཁོང་གི་ཆེས་རིན་ཐང་ཆེ་བའི་ལེགས་སྐྱེས་ཤིག་ཡིན་ལ། དེས་ལེ་བར་སྟོང་ཕྲག་བརྒལ་བའི་བརྩེ་བ་ཟབ་མོ་མཚོན་ཡོད། “ལྷམ་འདི་གོན་ནས་ཁྱོད་ཀྱི་ཕུགས་འདུན་འཚོལ་དུ་སོང་།” ཞུས་ཧུང་ཧྥུན་གྱི་སྐད་ཆར་དྲོད་ཁོལ་དང་སྟོབས་ཤུགས་ཀྱིས་ཕྱུག་ཡོད་ཅིང་། ད་ལྟ་ཡིན་ན་ཡང་བསོད་ནམས་སྐྱིད་མུ་མཐུད་མདུན་དུ་སྐྱོད་པར་སྐུལ་མ་གནང་བཞིན་ཡོད། ལྷམ་འདི་གོན་ཐེངས་རེར། བསོད་ནམས་སྐྱིད་ཀྱིས་ཞུས་ཧུང་ཧྥུན་གྱི་བརྩེ་བ་ཟབ་མོ་དང་རེ་བ་ལྗིད་མོ་དེ་ཚོར་ཐུབ་པ་དང་འདྲ་ལ། མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དུ་ཡོད་སྐབས། ཞུས་ཧུང་ཧྥུན་གྱིས་མོ་ལ་ཞིབ་ཕྲའི་གནད་ལ་བསླེབས་པའི་ཐུགས་ཁུར་དང་སློབ་སྟོན་གནང་བ་ནི། སློབ་སྦྱོང་ཐོག་ངང་རྒྱུད་རིང་མོས་དོགས་སེལ་བློ་འབྱེད་བྱས་པ་ཙམ་མ་ཟད། བསམ་བློའི་ཐོག་མོ་ལ་སྐུལ་མ་དང་རྒྱབ་སྐྱོར་ཆེན་པོ་གནང་། “དགེ་རྒན་ཞུས་ཡོད་པའི་རྒྱུ་མཚན་གྱིས་ང་རང་རི་རབ་ཀྱི་ཁོང་གསེང་ནས་ཕྱིར་སྐྱོད་ཐུབ་པ་ཡིན་ལ། ཕུགས་འདུན་འཚོལ་སྙེག་དང་ནུས་རྩལ་སྦྱངས་ཏེ། མ་འོངས་པར་ཕྱིར་བསྐྱོད་ནས་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་ཡིན།”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ཟླ6པར་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སློབ་གསོ་འདུས་པའི་ཤར་ནུབ་རྒྱུད་མཐུན་སྦྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལ་ཕན་འབྲས་མངོན་གསལ་བླངས་པ་དེས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་ཡང་ཕུན་སུམ་ཚོགས་པར་མཚོན་ཡོད།
དྲོད་ཁོལ་འདིས། དཔལ་ཐང་རྩྭ་ཐང་གི་འཕེལ་རྒྱས་ཀྱི་རེ་བའི་འོད་སྣང་སྦར།
འདས་ཟིན་པར་ཕྱིར་མིག་ཅིག་བལྟས་ན། ཡུས་ཧྲུའུ་ས་ཁུལ་གྱི་གློག་ཤུགས་རྨང་གཞི་སྒྲིག་ཆས་ཞན་པ་དེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་གེགས་རྐྱེན་ཆེན་པོ་ཐེབས་ཡོད། དཀའ་ཁག་འདི་བསྒྱུར་ཆེད། རྒྱལ་ཁབ་གློག་དྲ་ཀུང་སིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས། ཡུས་ཧྲུའུ་ཨར་ཧུའེ་སྟོང་ཧྥུ330ཅན་གྱི་སྐུད་ལམ་བཟོ་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ད་ལོར། སྤྱིའི་རིང་ཐུང་ལ་སྟོང་སྨི507.5ཡོད་པའི་གློག་ཤུགས“མཁའ་ལམ”འདིས། དམིགས་བསལ་གྱི་འགན་འཁྲི་དང་དོན་སྙིང་ཁུར་ནས། ཡུས་ཧྲུའུ་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་གསར་པར་གྱུར་ཡོད།
དྲོད་ཁོལ་འདིས་མཚོ་བོད་མཐོ་སྒང་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བསམ་པའི་ཉམས་འགྱུར་ལ་འགྱུར་བ་ཟབ་མོ་བཏང་ཡོད།
“ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དུ་མི་ཁྲག་གཙང་བཟོ་ལྟེ་གནས་བཙུགས་པ་ནས་བཟུང་། ངས་རང་གི་ཁྱིམ་ཚང་གི་སྒོ་ཁ་ནས་འཚག་འདོར་བྱེད་ཐུབ་ལ། དེས་ཡར་མར་ལ་རྒྱུག་པའི་ངལ་དུབ་མེད་པར་བཟོས་པར་མ་ཟད། བུ་མོས་ཀྱང་སེམས་བདེ་མོས་རང་གི་ཁྱིམ་ཚང་ཆུང་ཆུང་བདག་སྐྱོང་བྱས་ནས་བསྡད་ཆོག” དགུང་ལོ60ལ་སོན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་དམངས་སྒྲོལ་མའི་ད་སྐབས་ཀྱི་ལུས་ཕུང་གནས་བབ་ལོ་ཕྱེད་སྔོན་དང་བསྡུར་ན་ཇེ་བཟང་ལ་ཕྱིན་འདུག ཟི་ལིང་དུ་སྨན་བཅོས་བྱས་པའི་ལོ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ན། སྒྲོལ་མའི་ཁྱིམ་ཚང་གང་པོར་མཚོན་ནས་བཤད་ན་ཁུར་པོ་ཆུང་ཆུང་ཞིག་གཏན་ནས་མིན། “ཟི་ལིང་དུ་ཁང་པ་གླས་ནས་འདུག་དགོས་པ་དང་། རང་གི་གམ་དུ་ཡང་མི་ཞིག་མེད་མི་རུང་། བུ་མོས་ང་གཅིག་པུ་བདག་བྱས་ནས་བསྡད་པས། རང་གི་ཁྱིམ་ཚང་ཆུང་ཆུང་ལ་བདག་སྐྱོང་བྱེད་ཐབས་མེད། སྐབས་དེར་སྨན་བཅོས་མི་བྱེད་པའི་བསམ་ཚུལ་ཡང་སྐྱེས་མྱོང་།” པེ་ཅིན་གྱི་མཚོ་སྐྱོར་ལས་བྱེད་པའི་རོགས་སྐྱོར་འོག ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་མི་ཁྲག་གཙང་བཟོ་ལྟེ་གནས་ན་ནིང་ཟླ9པར་དངོས་སུ་བཙུགས་པ་ཡིན་ལ། དེས་ཉེ་འགྲམ་གྱི་མང་ཚོགས་ལ་ལུང་མང་པོ་བརྒལ་ནས་ཕྱི་ལ་སྨན་པར་སྟོན་དུ་འགྲོ་བའི་དཀའ་ངལ་སེལ་བར་མ་ཟད། ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་ཆེན་པོ་བཏང་ཞིང་། ནད་པའི་འཚོ་བའི་སྤུས་ཚད་ཀྱང་ལེགས་བཅོས་བྱས་ཡོད།
དྲོད་ཁོལ་འདི་ནི་ཉི་འོད་དྲོད་མོ་དང་འདྲ་བར། མཚོ་སྐྱོར་ལས་བྱེད་པ་སྤེལ་རོགས་ཁྲིད་གསུམ་གྱི་ཞིབ་ཕྲའི་གནས་སུ་འོད་སྟོང་རབ་ཏུ་འབར་བཞིན་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་གླིང་གཙོའི་གཞུང་ལས་ཁང་དུ། དམིགས་བསལ་གྱི་དར་ཆ་ཞིག་ཏུ་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་ཟིན་ཐོར་བཀོད་ཡོད་དེ། 2024ལོའི་ཟླ3པར། ཨའོ་མོན་གྱི་ཡིན་པའི་ཡུལ་སྐོར་པ་བུད་མེད་ལིན་མཚོ་སྔོན་དུ་ཡུལ་སྐོར་བྱེད་རིང་ལ་གློ་བུར་དུ་དྲན་པ་མ་གསལ་བར་ཆུ་ཚོད1འགོར་བ་དང་། མྱུར་སྟབས་ཀྱིས་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དུ་བསྐྱལ་ཅིང་། བརྟག་དཔྱད་བརྒྱུད་བྲེལ་མྱུར་ཀླད་རྩ་འགག་པའི་ནད་བྱུང་འདུག་པ་ཤེས་ཤིང་། མྱུར་ཏུ་རྩ་སེལ་བཤག་བཅོས་བྱེད་དགོས།“ ཀྲེ་ཅང་མཚོ་སྐྱོར་ཆེད་མཁས་པའི་ཚོགས་པས་རྒྱང་རིང་ནས་མཛུབ་སྟོན་བྱས་ནའང་། གཤགས་བཅོས་ལག་ལེན་དུ་འདེབས་མཁན་ང་ཚོ་ཡིན་པས། འཚུབ་ཆ་ཆེན་པོ་ལངས་བྱུང་།” སྐབས་དེའི་གཤགས་བཅོས་འགན་འཁྲི་འཁུར་བའི་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་མྱུར་སྐྱོར་ཚན་ཁག་གི་གཙོ་བཅོས་སྨན་པ་མཱ་ཐེན་ཞང་གིས་ཉིན་དེར་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་སྨན་པ་པ་ཐུ་ཨར་དང་མཉམ་དུ་གྲི་བཟུང་བའི་རྣམ་པ་ཕྱིར་དྲན་བྱས་ཤིང་། སེམས་སུ་ཚོར་འདུ་སྣ་ཚོགས་འཁྲུགས། ཁོ་གཉིས་ཀྱི་དཀའ་ཁག་ཆེ་བའི་རྩ་འགག་སེལ་བའི་གཤགས་བཅོས་ལེགས་འགྲུབ་བྱས་པའི་བརྒྱུད་རིམ་དེས། ཁ་གཏད་མཚོ་སྐྱོར་གྱིས་འཁྱེར་ཡོང་བའི་རྒྱུན་རིང་བའི་ཤུགས་རྐྱེན་དངོས་སུ་མཚོན་པར་བྱས་ཡོད། “ཀྲེ་ཅང་མཚོ་སྐྱོར་སྨན་བཅོས་ཚོགས་པར་བཙུགས་པའི་ལས་དོན་ཁང་ལ་བརྟེན་ནས། ང་ཚོས་ད་གཟོད་རྒྱུད་ཁོངས་ལྡན་པའི་སྒོ་ནས་ཀླད་ཁོག་ནང་གི་རྩ་འགག་པ་སེལ་བ་དང་རྩའི་སྐྲང་འབུར་ལེན་པ་སོགས་རྙོག་འཛིང་ལྡན་པའི་བཤག་བཅོས་སྤེལ་ཐུབ་པ་ཡིན” ཞེས་མཱ་ཐེན་ཞང་གིས་བཤད།
“མཚོ་སྐྱོར་ལག་རྩལ”ནས“མཚོ་སྔོན་ནུས་པའི”བར། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱས། སློབ་གསོ་སྨན་བཅོས་དང་རྨང་གཞི་སྒྲིག་ཆས་སོགས་དམངས་འཚོ་ཁྱབ་ཁོངས་སུ་ལེགས་བཅོས་མངོན་གསལ་ལྡན་པ་བྱུང་། ཆེད་ལས་ལག་རྩལ་འཇོན་མི་མུ་མཐུད་དུ་བྱུང་བ་དང་། རང་སྟོབས“ཁྲག་བཟོ”ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན་ཏེ། གཙང་པོའི་འབྱུང་ཡུལ་གྱི་འཛིན་མའི་ཁྱོན་ལ་སེམས་སྒྱུར་ལུས་སྒྱུར་དང་ཉམས་སྣང་གསར་པའི་འགྱུར་ལྡོག་ངོ་མཚར་བ་བྱུང་།
འགྱུར་ལྡོག་འདིས། དེ་སྔོན་གྱི་བརྟག་བཅོས་ཁང་ཐབས་ཆག་དེ་དེང་རབས་ཅན་གྱི་གཤགས་བཅོས་ཁང་ལ་འགྱུར་དུ་བཅུག་སྟེ། རོང་འབྲོག་མང་ཚོགས་ཀྱིས“སྔོན་ཆད་ཟི་ལིང་ལ་སོང་ནས་གཤགས་བཅོས་བྱེད་དགོས་པ་རྣམས་ད་ལྟ་ཁྱིམ་ཚང་གི་སྒོ་ཁར་བྱེད་ཐུབ”ཅེས་དགའ་འབོད་བྱེད།
འགྱུར་ལྡོག་འདིས། བོད་རིགས་སློབ་མ་མ་ཅིག་རིན་མཚོ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་མགོ་ལོག་གི་སློབ་མ་ཐོག་མར་གྱུར། མཚོ་བོད་མཐོ་སྒང་ནས་རོལ་དབྱངས་ཀྱི་སློབ་གླིང་དུ་བསྐྱོད་པ་དང་། འབྲོག་ཁུལ་གྱི་སློབ་མ་རང་འདོད་ཀྱི་སློབ་གྲྭར་རྒྱུགས་འཕྲོད་པ་དང་ཕུགས་འདུན་འཚོལ་སྙེག་ཏུ་སྐྱོད་ཐུབ་པ་བྱུང་།
འགྱུར་ལྡོག་འདིས། ཁུལ་དང་རྫོང་གི་རོགས་སྐྱོར་ཐོབ་མཁན་སྨན་ཁང20ཡི་ནད་པས་སྨན་ཁང་བརྗེ་ཚད7.49%མར་འབབ་ཏུ་བཅུག་སྟེ། “ནད་ཆུང་བ་རྫོང་ཁོངས་བརྒལ་མི་དགོས་པ་དང་ནད་འབྲིང་བ་ཁུལ་ཁོངས་བརྒལ་མི་དགོས་པ”མངོན་འགྱུར་བྱས།
རོགས་སྐྱོར་བྱེད་མཁན་གྱི་ནུས་པས་རོགས་སྐྱོར་ཐོབ་ཡུལ་གྱི་དགོས་མཁོ་སྐོང་བ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྐྱོར་སྟོབས་ཤུགས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་འཕེལ་རྒྱས་དང་མཉམ་དུ་གནས། བགྲོད་ལམ་གསར་པའི་ཐོག མཚོ་སྐྱོར་གྱི་མེ་སོན་སྔར་བཞིན་འབར་ངེས། མཚོ་སྐྱོར་ལས་བྱེད་པ་སྐོར་གསར་པས་ཁྲེས་པོ་རྒྱབ་ཏུ་ཁུར་ནས“མཐུད་རྒྱུག་དབྱུག་པ”ལག་ཏུ་བཟུང་བ་དང་། མཐོ་སྒང་མི་དམངས་ལ་བཅངས་པའི་བརྩེ་བ་རྣལ་མ་ཁུར་ནས། ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ས་གཞིའི་སྟེང་། མཐོ་སྒང་བརླན་པར་བྱེད་པའི་བདུད་རྩི་བསྡུས་ཤིང་། ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་བརྩམས་དང་རྩོམ་བཞིན་ཡོད། །
འཕྲིན་སྟེགས། weikangba