སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། དེང་རབས་བཟོ་སྐྲུན་ལས་རིགས་ནི་ཚན་རྩལ་ནུས་སྐྱེད་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་རང་བརྟེན་གསར་གཏོད་ཀྱི་གོང་འཕེལ་ལམ་བུར་བསྐྱོད་དགོས་ཞེས་བསྟན་གནང་ཡོད། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་ལག་རྩལ་རྒྱུན་མཐུད་ངང་འགག་སྒྲོལ་བྱུང་བ་དང་། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་ངང་གསར་སྒྱུར་བྱས་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་ལྟར་གོང་འཕེལ་ཕྱིན་པ་བཅས་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ནུས་པ་སྔར་ལས་སྟོབས་ཆེར་ཕྱིན་ཡོད།
ཡུན་རིང་མ་སོང་བར། ཧྲན་ཞི་ཐའེ་ཀང་དུ་འཛམ་གླིང་ཐོག་ཆེས་སྲབ་པའི“ལག་དབྲལ་ངར་ལྕགས”ལ་སླར་ཡང་ཚད་བརྒལ་གསར་པ་བྱུང་ཡོད།
ལོ་འདི་ཤར་ཚུན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ལ་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་སྟེ། མེང་ཀྲོའུ་མི་བཞུགས་འཕུར་གྲུའི་འབྲེལ་ཡོད་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། སྔོན་ཐོན་ཨ་སྐར་སྐུལ་འོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་ཚུགས་པ། AES100མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ལ་ཐོན་སྐྱེད་ཆོག་མཆན་ཐོབ་པ། ལྟེ་བའི་ལག་རྩལ་ཚད་བརྒལ་བསྟུར་མར་བྱུང་ཡོད། གྲངས་གཞི་གསར་ཤོས་ལས་མངོན་པར། ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་བརྒྱ་ཆ་9.5འཕར་བ་དང་། ཞིབ་འཇུག་གསར་སྤེལ་ཐད་གྲོན་དངུལ་གཏོང་ཚད་ཀྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་2.7ཙམ་ཟིན་ཡོད་པ་རེད།
བཟོ་སྐྲུན་ལས་རིགས་ནི་རྒྱལ་སྐྱོང་གི་རྩ་བ་དང་རྒྱལ་སྟོབས་ཀྱི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། ད་ལོའི་ལོ་སྟོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་གྱི་འཐབ་ཕྱོགས་དང་པོར་ཐེངས་མང་ཟབ་ཞུགས་ཀྱིས་ལག་རྩལ་ཐད་གཟིགས་ཞིབ་དང་གསར་གཏོད་ཐད་བཀའ་འདྲི་གནང་ཡོད། ལིའོ་ཉིང་པེན་ཀང་དུ། ཁོང་ནས་གྲང་བཙིར་ལས་རིམ་དང་ལག་རྩལ་གསར་གཏོད་ཐད་མཁྱེན་རྟོགས་གང་ལེགས་གནང་ཁར། བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། ཧོ་ནན་ལུའོ་དབྱང་གི་རིག་ནུས་བཟོ་གྲྭར། ཁོང་གིས་བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། དེང་རབས་བཟོ་སྐྲུན་ལས་རིགས་ནི་ཚན་རྩལ་ནུས་སྐྱེད་དང་ཁ་འབྲལ་ཐབས་མེད་པས། ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་རང་བརྟེན་གསར་གཏོད་ཀྱི་གོང་འཕེལ་ལམ་བུར་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད། མི་རིང་བའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཧྲན་ཞི་དབྱང་ཆོན་གྱི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་གོང་འཕེལ་ཐད་རྟོག་ཞིབ་གནང་སྐབས། རང་རྒྱལ་གྱི་བཟོ་ལས་གོང་འཕེལ་གཏོང་རྒྱུ་དེ་སྔོན་ཆད་ཤུགས་ལས་བརྟེན་དགོས་ཀྱི་ཡོད་མོད། འོན་ཀྱང་ད་ཆ་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས་ལ་བརྟེན་ནས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་སླར་ཡང་ནན་སྟོན་གནང་ཡོད།
ལོ་འདི་ཤར་ཚུན། རྒྱལ་ཁབ་ཀྱི“གསར་གཉིས”སྲིད་ཇུས་མུ་མཐུད་དུ་རྒྱ་སྐྱེད་བཏང་བ་སྟེ། གཙོ་གནད་ཁྱབ་ཁོངས་ནས་བཟོ་སྐྲུན་ལས་རིགས་སྔར་ལས་མང་བའི་ཕྱོགས་སུ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པར་དམིགས་ཏེ། གསར་དར་ཐོན་ལས་སྐྱེད་སྲིང་བྱས་ནས་སྒུལ་ནུས་གསར་པ་གཏོད་པའི་བྱ་སྤྱོད་ལག་བསྟར་བྱེད་འགོ་ཚུགས་པ་དང་། འབྱུང་འགྱུར་ཐོན་ལས་ཀྱི་གསར་གཏོད་ལས་འགན“ཁས་ལེན་གཙོ་འགན”ལག་ལེན་བསྟར་བ། སྲིད་ཇུས་རབ་དང་རིམ་པའི“སྣ་འདུས་ཐབས་བཟང”གིས་བཟོ་སྐྲུན་ལས་རིགས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བཞིན་ཡོད། སི་ཁྲོན་དབྱི་པིན་དུ། གསར་གཏོད་ཚོད་ལྟ་ཁང་བསྐྲུན་པ་བརྒྱུད་ཐོན་ལས་གསར་པ་བཀོད་སྒྲིག་བྱས་པ་དང་། སྔོན་ཐོན་སྒྲིག་ཆས་གསར་སྒྱུར་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱས་ཡོད། ད་ལོའི་ལོ་སྟོད་དུ། འདི་གའི་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་50ལས་བརྒལ་ཡོད།
ཕྱོགས་རྐྱང་པའི་ཚད་བརྒལ་ནས་ཁྱུ་ཚོགས་གོང་འཕེལ་གཏོང་བའི་བར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ལ་ལྡེམ་ཤུགས་དང་གོང་འཕེལ་གྱི་སྒུལ་ཤུགས་ཆེན་པོ་མངོན་ཡོད། ཧུའུ་ནན་ཀྲུའུ་ཀྲོའུ་རུ། སྐར་མ་15ལས་མི་དགོས་པར་གློག་ཤུགས་མེ་འཁོར་ཞིག་ཐོན་སྐྱེད་བྱེད་པར་མཁོ་བའི་ལྷུ་ལག་ཁྲི་སྟོང་བསྡུ་རུབ་ཐུབ་ཀྱི་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་དུ། རླངས་འཁོར་གཏོང་བའི་ལམ་ཐག་ཆུ་ཚོད་བཞིའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཞིག་ཇུས་འགོད་ནས་ཐོན་སྐྱེད་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་ལེགས་འགྲུབ་ཐུབ་ཀྱི་ཡོད། མིག་སྔའི་བར་སླེབས་དུས། རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་འདི་འདྲ་བ་80བསྐྲུན་ཐོག གཙོ་གནད་ཐོན་ལས་སྦྲེལ་ཐག་ཡོངས་ལ་ཁྱབ་པར་མངོན་འགྱུར་བྱུང་ཡོད།
ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆ་10.2འཕར་ཞིང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ལས་བརྒྱ་ཆའི་གནས་3.8ལས་མགྱོགས་པ་ཡོད། གྲངས་འཛིན་ཅན་གྱི་ནུས་སྐྱེད་མགྱོགས་སུ་ཕྱིན་པ་དང་། ཟླ་ལྔ་པའི་ཟླ་མཇུག་བར་སླེབས་དུས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྤྱི་འབོར་ཁྲི་246ཟིན་ཞིང་། ལོ་འདི་ཤར་ཚུན་གསར་དུ་བཙུགས་པའི་ཁེ་ལས་ཁྲོད་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་60ལས་བརྒལ་ནས། རྩེར་སོན་ཅན་གྱི་རིམ་སྤོར་འཕེལ་ཕྱོགས་ཧ་ཅང་ཡག་པོ་ཡོད་པ་རེད།
གོམ་སྟབས་རྗེས་མར། རྒྱལ་ཁབ་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཐག་སྤུས་མཐོའི་གོང་འཕེལ་གྱིས་བྱ་སྤྱོད་ལག་ལེན་མགྱོགས་མྱུར་བསྟར་བ་དང་། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ། མིས་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། སྐྱེ་དངོས་སྨན་རྫས་སོགས་མདུན་གྲལ་ཁྱབ་ཁོངས་བཀོད་སྒྲིག་མགྱོགས་སུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འཕྲིན་སྟེགས། weikangba