ཚེས་21ཉིན་གསར་འགོད་པར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་སློབ་གྲྭའི་སྡེབ་ཟས་ལ་དམིགས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་སྟེ།《སློབ་གྲྭའི་སྡེབ་ཟས་ཞབས་ཞུའི་ཁེ་ལས་ཀྱི་དོ་དམ་ཕྱོགས་སྟོན》ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། ཟླ་12ཚེས་1ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
མིག་སྔར། རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་གྲངས་འབོར་ཁྲི་46ལས་བརྒལ་ཡོད་པ་དང་། སློབ་མ་དུང་ཕྱུར་2.37ལས་བརྒལ་ཡོད། སློབ་གྲྭའི་སྡེབ་ཟས་རྒྱ་ཆེ་ཞིང་ལྷུ་ཚིགས་མང་པོ་ཡོད་པས། ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་གཙོ་བོ་ཞིག་ཏུ་གྱུར་ཡོད། སློབ་གྲྭའི་སྡེབ་ཟས་ཐོན་ལས་གཞི་ཁྱོན་གྱིས་བཟའ་བཏུང་ལས་རིགས་ཧྲིལ་པོའི་གཞི་ཁྱོན་གྱི་ཕྱེད་ཀ་ཙམ་ཟིན་ཡོད་པ་དང་། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ནི་སློབ་གྲྭའི་སྡེབ་ཟས་ལས་རིགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་ཡིན།

《སློབ་གྲྭའི་སྡེབ་ཟས་ཞབས་ཞུའི་ཁེ་ལས་དོ་དམ་ཕྱོགས་སྟོན》ནི་སློབ་གྲྭའི་སྡེབ་ཟས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཡིན་པ་དང་། དེ་ནི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་མར་སློབ་མའི་ཟ་མ་བཟོ་བ་དང་སྡེབ་སྐྱེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་སློབ་གྲྭའི་སྡེབ་ཟས་ཞབས་ཞུའི་ཁེ་ལས་ལ་སྤྱད་འཐུས་བྱེད་ཆོག
《སློབ་གྲྭའི་སྡེབ་ཟས་ཞབས་ཞུའི་ཁེ་ལས་དོ་དམ་ཕྱོགས་སྟོན》ནང་། མི་སྣ་བཀོད་སྒྲིག་བྱེད་པའི་ཐད། ཁེ་ལས་ཀྱིས་ངེས་པར་དུ་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་དང་ཆེད་གཉེར་བཟའ་བཅའི་བདེ་འཇགས་དོ་དམ་དང་ཞིབ་བཤེར་མི་སྣ་བཀོད་སྒྲིག་བྱེད་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགུལ་རྣམ་ལམ་སྲོལ་བཙུགས་ནས། ཉིན་ལྟར་བདེ་འཇགས་ཞིབ་བཤེར་དང་། གཟའ་འཁོར་རེར་མངོན་མེད་རྐྱེན་ངན་ཞིབ་བཤེར། ཟླ་རེར་བཀོད་གཏོང་དབྱེ་ཞིབ་བཅས་བྱེད་དགོས།
རྒྱུ་ཆ་ཉོ་སྒྲུབ་ཐད། འབྲས་དང་། གྲོ་ཞིབ། སྣུམ་སོགས་ཟས་རིགས་འབོར་ཆེན་གཅིག་སྡུད་གནས་འཁེལ་ཉོ་སྒྲུབ་ལམ་ལུགས་ལག་ལེན་བསྟར་དགོས་པ་མ་ཟད། ཁག་རེ་རེའི་རྒྱུ་ཆའི་ཞིབ་བཤེར་ཞིབ་དཔྱད་སྙན་ཞུ་ཉར་ཚགས་བྱ་རྒྱུར་འགན་ལེན་བྱེད་དགོས་པ། ལོ་རེར་ཉུང་མཐར་ཡང་སྣ་རིགས་ཡོངས་ལ་ཁྱབ་པའི་ཞིབ་དཔྱད་ཐེངས་རེ་བྱེད་དགོས་པ་དང་། ལྷག་པར་དུ་ཞིང་སྨན་ལྷག་ལུས་སོགས་ཀྱི་བདེ་འཇགས་རང་བཞིན་གྱི་དམིགས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་དགོས།
ལས་སྣོན་གཡོས་སྦྱོར་ཐད། བཟའ་བཅའ་ལས་སྣོན་བྱེད་པའི་བརྒྱུད་རིམ་དེ“དྲ་སྦྲེལ་+ཐབ་ཚང་ཕྱི་གསལ་ནང་གསལ”མ་ལག་དང་འབྲེལ་སློབ་གྲྭ་དང་། ཁྱིམ་བདག དེ་བཞིན་སློབ་མ་བཅས་ལ་བཟའ་བཅའ་ལས་སྣོན་བྱེད་པའི་འགག་རྩའི་བཀོལ་སྤྱོད་བརྒྱུད་རིམ་ཡོངས་བསྒྲགས་ངང་འགྲེམས་སྟོན་བྱེད་དགོས། ཉིན་རེར་ཟ་མ་སྐྱེལ་བའི་ཟས་རིགས་རེ་རེ་སོ་སོར་མ་དཔེ་འཇོག་དགོས་པ་དང་། མ་དཔེ་འཇོག་པའི་དུས་ཚོད་ཆུ་ཚོད་48ལས་མི་ཉུང་བ་བྱ་དགོས།
སྐྱེལ་འདྲེན་ལྷུ་ཚིགས་ཐད། བཟའ་བཅའི་ཚད་དང་སྡེབ་སྐྱེལ་བྱེད་སྟངས་ཀྱི་དགོས་མཁོ་སྐོང་ཐུབ་པའི་བཀག་སྡོམ་རྣམ་པའི་སྡེབ་སྐྱེལ་རླངས་འཁོར་དང་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས་པ་དང་། སྡེབ་སྐྱེལ་རླངས་འཁོར་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་བྱས་ཏེ་ཆེད་སྤྱོད་རླངས་འཁོར་ཆེད་སྤྱོད་བྱེད་པ་དང་འབྲེལ་གནས་ངེས་རྗེས་འདེད་མ་ལག་སྒྲིག་སྦྱོར་བྱ་དགོས།
གལ་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འཕྲལ་མར་ཚུར་བསྡུ་བའི་ལས་དོན་བསྒྲུབ་དགོས་པ་མ་ཟད། རང་འགུལ་ངང་ས་གནས་དེ་གའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་སྙན་སེང་ཞུ་དགོས་ཞེས་ཁ་གསལ་བཏོན་ཡོད།
འཕྲིན་སྟེགས། weikangba