ནང་མཁོ་རྒྱ་སྐྱེད་བརྟན་པོ་དང་དཔལ་འབྱོར་གྱི་མཉེན་ཤུཊ་ཆེ་རུ་གཏོང་བ།

2025-07-23
457

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དེ་དཔལ་འབྱོར་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་བདེ་འཇགས་དང་ཡང་འབྲེལ་བ་ཡོད་ཅིང་། གང་དེ་སྐབས་བསྟུན་གྱི་བྱ་ཐབས་ཤིག་མིན་པར་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་ཞེས་བསྟན་གནང་ཡོད།


     ནང་མཁོ་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་མཁོ་གཅིག་གྱུར་གྱིས་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་ཡག་པོ་བཏང་སྟེ། དགོས་མཁོས་མཁོ་སྤྲོད་ལ་ཁྲིད་སྟོན་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གསར་གཏོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་སྙོམས་ཆགས་པ་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཡག་པོ་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།


     ལོ་འདི་ཤར་ཚུན། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། འཛད་སྤྱོད་སྐུལ་སྤེལ་ཤུགས་ཆེན་བྱེད་པ་དང་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ། ནང་མཁོ་དེ་ཉིད་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་སྣེ་ཁྲིད་བྱེད་པའི་རང་འགུལ་གྱི་སྟོབས་ཤུགས་དང་བརྟན་ལྷིང་གི་གཏིང་རྡོ་ཞིག་ཏུ་འགྱུར་བ་བཅས་བྱས་ཏེ། སྤུས་མཐོའི་གོང་འཕེལ་ལ་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད།


     ཉེ་དུས་ནང་སོག་རང་སྐྱོང་ལྗོངས་ཀྱི་སྐབས་35པའི་རྩྭ་ཐང་གི་ན་ཏ་མུའུ་ཞི་ལིན་གོ་ལེ་ས་ཁུལ་དུ་གཉེར་བཞིན་ཡོད། སྐབས་འདིའི་ན་ཏ་མུའུ་སྟོན་ཚོགས་ཐོག་ཁྱད་ལྡན་ལས་སྒོའི་ཁྱབ་ཁོངས་མང་པོ་ཇུས་འགོད་བྱས་ཡོད་པ་དང་། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་། དེང་རབས་ཚན་རྩལ། རིག་གནས་ཡུལ་སྐོར་ཉམས་ལེན་སོགས་སྣ་མང་ལྗོངས་རྣམ་མཉམ་འདྲེས་བྱས་ཡོད་པས། སྔོན་དཔག་བྱས་ན་ལྗོངས་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་50ལྷག་ཙམ་གྱི་ཡིད་འགུག་བྱ་རྒྱུ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་འཛད་སྤྱོད་སྒོར་དུང་ཕྱུར་3ལས་བརྒལ་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད། ཡུན་ནན་གྱི་ཡུལ་སྐོར་བ་ཨ་ཅག་ཁྲེན་ལགས་ཀྱིས། སོག་གུར་ནང་འགྲེམས་སྟོན་དངོས་རྫས་སྣ་ཚོགས་ལ་ལྟད་མོ་བལྟས་པ་ཡིན། ཞི་ལིན་ཀོ་ལེ་ས་ཁུལ་ནི་ང་ཚོ་སླར་ཡང་ཡོང་འདོད་ཆེ་བའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ཞེས་བརྗོད་ཡོད།


     ད་ལོའི་ལོ་སྟོད་དུ། རྫས་གྲུབ་ཚོང་ཟོག་དྲ་ཐོག་ནས་སིལ་འཚོང་བྱེད་ཚད་དུས་མཚུངས་ལས་6%འཕར་ནས་སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་འཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་24.9%ཟིན་ཡོད། རང་རྒྱལ་གྱི་དྲ་ཐོག་སིལ་འཚོང་ལོ་12བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་གནས་ཡོད། ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས། གཞི་ཁྱོན་དེ་བས་ཆེ་བ་དང་སྤུས་ཚད་དེ་བས་ལེགས་པའི་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་སྔར་བས་དམའ་རུ་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།


     “གལ་ཆེ་གཉིས”དང་“གསར་གཉིས”སྲིད་ཇུས་ལ་ཤུགས་སྣོན་དང་རྒྱ་ཆེར་བཏང་སྟེ་ཕྱོགས་ཡོངས་ནས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་བར་འདེགས་སྐྱོར་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་འདི་ཤར་ཚུན། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་8000བཏང་སྟེ་“གལ་ཆེ་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།


     “གལ་ཆེ་གཉིས”འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་གྱི་གྲས་ཤིག་ཡིན་པའི་ངོས་ནས། གྲོང་ཁྱེར་གྱི་ས་འོག་སྦུག་ལམ་དྲ་བ་འཛུགས་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་གྲོང་ཁྱེར་བདེ་འཇགས་ངང་འཁོར་རྒྱུག་ཡོང་བ་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད། ནན་ཅིན་གྲོང་ཁྱེར་གྱི་གྲོང་བྱང་གི་ཁག་བཞི་པའི་བཙོག་ཆུའི་སྦུག་ལམ་དྲ་བ་བཅོས་སྒྲིག་རྣམ་གྲངས་ཁྲོད་དམིགས་བསལ་དུ་གཏན་འཁེལ་བྱས་པའི་སྔོག་འདོན་འཕྲུལ་འཁོར་དང་ཕུར་འཛུགས་འཕྲུལ་འཁོར་གྱི་མ་འཇོག་ལས་གྲྭ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད། ད་དུང་འཕྲུལ་མི་མང་པོ་“ལས་གནས་ཐོག་རོགས་རམ་བྱེད་པར་”སླེབས་ཡོད། “གལ་ཆེ་གཉིས”ཀྱི་རྣམ་གྲངས་ལག་བསྟར་བྱས་ཚུན། ནན་ཅིང་གྲོང་ཁྱེར་ཆུ་དོན་ཅུས་ལ་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་གྱི་རྒྱབ་སྐྱོར་ཐོབ་ཡོད།ནན་ཅིན་གྲོང་ཁྱེར་ཆུ་དོན་ཅུས་བཙོག་ཆུ་སྒྲིག་བཀོད་འཛུགས་སྐྲུན་ཁྲུའུ་ཡི་འགོ་འཛིན་ཧྲི་ཚུང་ཚུང་གིས། ཕྱོགས་གཅིག་ནས་ང་ཚོས་རྒྱལ་བུན་གྱི་མ་དངུལ་དང་གྲོང་ཁྱེར་གྱི་ནོར་སྲིད་མ་དངུལ་དག་ས་འོག་སྦུག་ལམ་དྲ་བ་ཉམས་གསོ་འཐུས་ཚང་དུ་གཏོང་བའི་ཐད་སྤྱད་པ་དང་། ཕྱོགས་གཞན་ཞིག་ནས་རིག་ནུས་ཅན་གྱི་དོ་དམ་སྟེགས་བུ་ལེ་ལག་ཚང་བའི་སྒོ་ནས་བསྐྲུན་པ་དང་། དེའི་ཁྲོད་རིག་ནུས་སྒྲིག་ཆས་སྔར་བས་མང་བ་ཞིག་ཀྱང་བེད་སྤྱོད་བྱས་ཡོད། དཔེར་ན་རྣམ་གྲངས་ནང་སྤྱད་པའི་འཕྲུལ་མི་ཁྲི་ལྷག་ཙམ་ཡོད་ཅིང་། དེས་ང་ཚོ་ནན་ཅིན་གྲོང་ཁྱེར་ཡོངས་ཀྱི་ས་འོག་སྦུག་ལམ་དྲ་བ་དང་གྲོང་ཁྱེར་གྱི་ཚེ་སྲོག་ལམ་བུའི་བདེ་འཇགས་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་ཅེས་གསུངས་ཡོད།


     ཀོང་ཏུང་ཧྲེན་ཀྲེན་གྱི་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་གི་ཐོན་རྫས་འགྲེམས་ཁུལ་དུ། ཚོད་ལྟ་བྱ་རྒྱུར་སྒུག་པའི་ས་འོག་སྦུག་དྲའི་འཕྲུལ་མི་མང་པོ་བསྒྲིགས་ཡོད། ཁེ་ལས་དེས་ཕུག་ལམ་མྱུལ་བཤེར་དང་འདམ་རྫབ་གཙང་སེལ་གྱི་ཆེད་སྤྱོད་འཕྲུལ་མི་སོགས་རྣམ་པ་གསར་པའི་འཕྲུལ་མི་སྣ་ཚོགས་ཞིབ་འཇུག་གསར་སྤེལ་བྱས་པས་མངགས་ཐོ་མང་པོ་ཞིག་འབྱོར་ཡོད། ཀུང་སིའི་ལས་འཛིན་དཔོན་ཏའེ་དབྱི་ཡིས། “གལ་ཆེ་གཉིས་”ཀྱི་རྣམ་གྲངས་འགོ་ཚུགས་པའི་རྗེས། ང་ཚོའི་མངགས་ཐོ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དེ་ཡང་སྔར་ཡོད་ཀྱི་འབྲི་ཆུའི་ཟུར་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་བཅས་ཀྱི་མངགས་ཐོ་མང་དུ་ཕྱིན་པ་མ་ཟད། ད་དུང་རྒྱལ་ཡོངས་ས་ཁུལ་ཁག་ཏུའང་ཆར་རྗེས་ཤ་མོ་རྡོལ་བ་བཞིན་མང་དུ་ཕྱིན་སོང་ཞེས་གསུངས་ཡོད།


     མིག་སྔར། རང་རྒྱལ་གྱི་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་མགྱོགས་པོ་འགྲོ་བ། བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག་སྐུལ་ཁྲིད་ནུས་པ་ཤུགས་ཆེར་འགྲོ་བ་བཅས་བྱུང་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ། རང་རྒྱལ་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་12.92མང་དུ་ཕྱིན་ཞིང་། དེའི་ཐོག་ནས་དངུལ་རྩའི་མ་ལག་གིས་དངོས་ཚན་དཔལ་འབྱོར་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཚད་ཅུང་ཆེ་ཙམ་ཡོད་པ་མངོན་ཐུབ། ཀྲུང་གོ་མི་དམངས་དངུལ་ཁང་ཞིབ་འཇུག་བསྡོམས་རྩིས་སིའི་སི་ཀྲང་ཡན་ཤན་ཏུང་གིས། ལས་རིགས་ལ་མ་འཇོག་བྱེད་སྟངས་ནས་བལྟས་ན། གསར་དུ་དངུལ་བུན་བཏང་བ་དེ་དག་གཙོ་བོ་བཟོ་སྐྲུན་ལས་རིགས་དང་རྨང་གཞིའི་སྒྲིག་ཆས་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་སུ་བཏང་ཡོད། ཞིབ་ཕྲའི་ཐོག་ནས་བལྟས་ཚེ། ཟླ་བ་6པའི་ཟླ་མཇུག་ཏུ། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་བཏང་བའི་ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ་8.7འཕར་ཞིང་། ལོ་སྟོད་དུ་སྒོར་དུང་ཕྱུར་9207མང་དུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་ཆས་ལས་རིགས་ལ་དུས་ཡུན་རིང་འབྲིང་གི་དངུལ་བུན་བཏང་བའི་ལྷག་གྲངས་དུས་མཚུངས་ལས་བརྒྱ་ཆ་7.4འཕར་ཞིང་། ལོ་སྟོད་དུ་སྒོར་དུང་ཕྱུར་ཁྲི་2.18མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།


     ནང་མཁོ་རྒྱ་ཆེར་གཏོང་བ་དེ་དཔལ་འབྱོར་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་བདེ་འཇགས་དང་ཡང་འབྲེལ་བ་ཡོད་ཅིང་། དེ་ནི་སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་པར་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད། མིག་སྔའི་ཕྱི་ཕྱོགས་ཁོར་ཡུག་གི་བརྟན་ལྷིང་མིན་པའི་རང་བཞིན་དང་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་ཕྱིན་པའི་རྒྱབ་ལྗོངས་འོག མུ་མཐུད་རྒྱལ་ནང་དུ་གཞི་ཚུགས་པ་དང་རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་བཟང་ཆར་བརྟེན་ནས། ནང་མཁོའི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས། ཚོང་དོན་པུའི་པུའུ་ཀྲང་ཝང་ཝེན་ཐའོ་ཡིས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པར་ཕྱོགས་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་ནུས་པ་ཆེ་བ་དང་། མཉེན་ཤུགས་ཆེ་བ། གསོན་ཤུགས་རྒྱས་པ་བཅས་ཀྱི་ཁྱད་ཆོས་ལ་འགྱུར་བ་བྱུང་མེད། ང་ཚོས་ཀྱང་དུས་བབ་དང་བསྟུན་ནས་ཁ་གཏད་རང་བཞིན་གྱི་བྱ་ཐབས་ཁག་ཅིག་བཟུང་སྟེ། ཕྱོགས་ཡོངས་ནས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།


  • 顶