
ཟླ7པའི་ཚེས18ཉིན་ནས་ཚེས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་། འདི་ནི་ཟླ7པའི་ཚེས18ཉིན་ལི་ཆང་ཉིང་ཁྲིའི་ཁྲོན་བོད་ལྕགས་ལམ་སེར་ཁྱིམ་ལའི་ཕུག་ལམ་གྱི་འབུད་སྒོར་ཕེབས་ནས་ཕུག་ལམ་ལས་ཡུལ་གྱི་ཨར་ལས་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ7པའི་ཚེས18ཉིན་ནས་ཚེས19ཉིན་བར་བོད་ལྗོངས་སུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཀུན་ལས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་བཟོ་སྐྲུན་རྣམ་གྲངས་གལ་ཆེན་དག་སྤུས་ཚད་མཐོན་པོས་ལག་བསྟར་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
ཉིང་ཁྲི་རུ། ལི་ཆང་ཐོག་མར་ཁྲོན་བོད་ལྕགས་ལམ་སེར་ཁྱིམ་ལའི་ཕུག་ལམ་གྱི་འབུད་སྒོར་ཕེབས་ནས་ཕུག་ལམ་ལས་ཡུལ་གྱི་ཨར་ལས་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཨར་ལས་རུ་ཁག་གིས་རྙོག་འཛིང་ཆེ་བའི་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་ཁྱད་བསད་ཀྱིས་དཀའ་སྤྱད་ལས་སྒྲུབ་བྱེད་པ་དང་བཟོ་སྐྲུན་འཛུགས་སྐྲུན་གྱི་དཀའ་གནད་མུ་མཐུད་དུ་སྒྲོལ་བར་ཚད་མཐོའི་བསྔགས་བརྗོད་གནང་། ཁོང་གིས་བསྟན་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེ་བོད་ལྗོངས་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་དང་བདེ་འཇགས་ཨང་དང་པོར་འཇོག་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཨར་ལས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་བཟོ་སྐྲུན་གྱིས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས། གློག་ཤུགས་དང་འཕྲིན་གཏོང་སོགས་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་བཏང་སྟེ་བཟོ་སྐྲུན་བདེ་བླག་ངང་སྤེལ་བར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། སྨན་གླིང་ཆུ་ཤུགས་ས་ཚིགས་ཀྱི་ཆུ་རགས་དང་ཡ་ཉི་བརླན་ས་བཅས་ནས་ལི་ཆང་གིས་ཨར་ལས་སྒྲིག་ཆས་དང་བྲག་རྡོ་བརྐོ་བྱེད་ཀྱི་ཡོ་བྱད་སོགས་ཀྱི་བྱ་བར་གཟིགས་ཞིབ་གནང་བ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་གསར་སྤེལ་དང་། ཚན་རྩལ་འགག་སྒྲོལ། གནས་སྤོས་ཡུལ་མི་བདེ་འགོད་སོགས་ཀྱི་བྱ་བའི་སྙན་སེང་ལ་གསན་ཏེ། བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ཞིབ་ཕྲའི་ངང་རྒྱུས་ལོན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཡར་ཀླུང་གཙང་བོའི་སྨད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་གྱི་གཞི་རྒྱ་ཆེ་ལ། དུས་ཡུན་རིང་བ། ཤུགས་རྐྱེན་ཆེ་བས་དུས་རབས་ཀྱི་བཟོ་སྐྲུན་ཞེས་འབོད་བཞིན་ཡོད་པས། དེ་བས་ཧུར་ཐག་གིས་སྔོན་ཐོན་གྱི་ལག་རྩལ་དང་། སྒྲིག་ཆས། བཟོ་རྩལ། རྒྱུ་ཆ་སོགས་སྤྱད་ནས་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱ་དགོས། ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་མི་ཐེབས་པར་འགན་ལེན་བྱེད་དགོས། གནས་སྤོས་ཡུལ་མིའི་བདེ་འགོད་བྱ་བ་ལེགས་པོར་བསྒྲུབ་ནས། བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་ཟུང་འབྲེལ་བྱ་དགོས། ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས། ཡར་ཀླུང་གཙང་བོའི་སྨད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་དེ་དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཟླ7པའི་ཚེས18ཉིན་ནས་ཚེས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་། འདི་ནི་ཟླ7པའི་ཚེས19ཉིན་ལི་ཆང་ལྷ་སའི་ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཕེབས་ནས། རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་འཛུགས་སྐྲུན་སོགས་ཀྱི་ངོ་སྤྲོད་ལ་གསན་པ་དང་། དཔེ་སྟོན་ཁུལ་གྱི་རང་ཐོན་ཤིང་འབྲས་དང་སྔོ་ཚོད། མཐོ་སྒང་གི་ཁྱད་ལྡན་བཟའ་བཏུང་སོགས་ཀྱི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
ལི་ཆང་ལྷ་སའི་ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ཕེབས་ནས། རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་འཛུགས་སྐྲུན་སོགས་ཀྱི་ངོ་སྤྲོད་ལ་གསན་པ་དང་། དཔེ་སྟོན་ཁུལ་གྱི་རང་ཐོན་ཤིང་འབྲས་དང་སྔོ་ཚོད། མཐོ་སྒང་གི་ཁྱད་ལྡན་བཟའ་བཏུང་སོགས་ཀྱི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་གསུང་རྒྱུར། ཞིང་ཕྱུགས་ལས་ཀྱི་ལག་རྩལ་གསར་པ་དཔེ་སྟོན་ཁྱབ་གདལ་གཏོང་བར་ཤུགས་སྣོན་དགོས་པ་དང་། མཐོ་སྒང་གི་ས་བོན་སོགས་ཀྱི་ཐད་ནས་ཐོད་བརྒལ་གསར་པ་ཐོབ་པར་འབད་པ་བྱེད་དགོས་ལ། དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཁྱད་ལྡན་ཐོན་ལས་འདུས་ཚོགས་སོགས་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་ཤེས་པ་དང་དོ་དམ་ལ་མཁས་པའི་ལས་རིགས་གསར་པའི་རོང་འབྲོག་མང་ཚོགས་སྔར་ལས་མང་པོ་སྐྱེད་སྲིང་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་གསར་གཏོད་བྱས་ཏེ་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་དགོས།
ལི་ཆང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ལ། བརྟན་བརླིང་དང་གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་གསར་པ་མུ་མཐུད་ནས་ལེན་དགོས་པའི་ཐུགས་རེ་བཏོན།
ཝུའུ་ཀྲེང་ལུང་གིས་མཉམ་དུ་རྟོག་ཞིབ་བྱས། །
འཕྲིན་སྟེགས། weikangba