སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྔར་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་མཐོའི་གོང་འཕེལ་ལ་དམ་འཛིན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཕེལ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ད་ལོའི་ལོ་སྟོད་དུ། རྙོག་འཛིང་སྔར་ལས་ཆེ་ཞིང་ཛ་དྲག་པའི་ཕྱི་ཕྱོགས་ཁོར་ཡུག་གི་མདུན་དུ། རང་རྒྱལ་གྱིས་སྔར་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་ནུས་ལྡན་བསྟར་བས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་དང་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་པ། སྒུལ་ནུས་གསར་པ་འཚར་ལོངས་སྟོབས་ཆེར་ཕྱིན་པ། སྤུས་མཐོའི་གོང་འཕེལ་ལ་འཕེལ་རིམ་གསར་པ་ཐོན་ཡོད།
ཉིན་འདི་དག་རིང་། ཝུའུ་ཧུའུ་མཚེའུ་ཡི་གཙང་གཉིས་རགས་བཞིའི་ཏུང་ཧུའུ་མཚེའུའི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཐད་སྤྱོད་པའི་ཡུན་རིང་གི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་ཁྲི་5500གཤམ་སྤྲོད་བྱས་མ་ཐག་ཡིན་པ་དང་། སྦགས་བཅོས་ལས་གྲྭར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། ས་གནས་དེ་གའི་ཆུ་མོ་སྔར་ལས་དྭངས་ཤིང་གཙང་བ་དང་འཚོ་སྡོད་དང་སྔར་བས་འཚམ་པར་འགྱུར་རྒྱུ་རེད།
ཅང་སུའུ་ཐའེ་ཀྲོའུ་རུ། ཁེ་ལས་ཤིག་ལ་ཟླ་བ་གསུམ་ལས་མ་འགོར་བར་རྒྱལ་ཁབ་ཀྱི་སྒྲིག་ཆས་གསར་སྒྱུར་གྱི་ཁ་གསབ་རོགས་དངུལ་རག་པ་དང་བསྒྱུར་བཀོད་བྱས་རྗེས་རིག་ནུས་ཅན་གྱི་ཆུ་ཚད་བརྒྱ་ཆ་20མཐོ་རུ་ཕྱིན་ནས། ཁེ་ལས་ལ་འགག་རྩའི་ལག་རྩལ་ཚད་བརྒལ་ཡོང་བར་རམ་འདེགས་ཐུབ་ཡོད།
རྒྱལ་ཡོངས་ལ་བལྟས་ན། “གནད་གཉིས”དང་“གསར་གཉིས”སྲིད་ཇུས་ཀྱིས་སྤྱི་ཁོག་སྙོམས་སྒྲིག་ལག་ལེན་བསྟར་བའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁོག་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་ཐེངས་མང་གནང་ཡོད། ད་ལོའི་དཔལ་འབྱོར་དུས་བབ་དང་ལས་དོན་ལ་ཞིབ་འཇུག་གནང་སྐབས། ཁོང་གིས། “སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར”དང་“ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར” “སྲིད་ཇུས་ཀྱི་‘སྣ་འདུས་ཐབས་བཟང’བེད་སྤྱོད་ཡག་པོ”བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ལོ་འདི་ཤར་ཚུན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྔོན་གཏན་འཁེལ་བའི་སྲིད་ཇུས་སྔ་ཙམ་བཏོན་ནས་ཕན་འབྲས་སྔ་ཙམ་ཐོན་པ་བྱེད་པ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་འཕར་ཚད་ཀྱི་གསོག་འཇོག་སྲིད་ཇུས་དུས་ཐོག་ཏུ་བཏོན་ནས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བརྒྱབ་ཐོག སྤུས་མཐོའི་གོང་འཕེལ་གྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་མྱུར་པོ་འགྲོ་བའི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་ཞེས་བསྟན་གནང་ཡོད།
སྲིད་ཇུས་མང་པོས་སྡེབ་གཅིག་ལ་མཉམ་དུ་ནུས་པ་འདོན་སྤེལ་བྱས་ནས། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་འགྲོ་བར་རོགས་འདེགས་བྱས་ཡོད།
ནོར་སྲིད་ཀྱི་སྲིད་ཇུས་སྔར་བས་དགེ་མཚན་ལྡན་པར་གྱུར་ཡོད། ད་ལོའི་ནོར་སྲིད་ཀྱི་གཏོང་སྒོ་སྔར་བས་མང་དུ་ཕྱིན་ཡོད་ཅིང་། རྒྱལ་བུན་འགྲེམས་སྤེལ་བྱེད་ཚད་སྔར་བས་མགྱོགས་སུ་ཕྱིན་ཡོད། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱི་གཞི་ཁྱོན་ལོ་གོང་མ་ལས་བརྒྱ་ཆ་30མང་དུ་བཏང་བ་དང་། ཐོག་མར་འགྲེམས་སྤེལ་བྱེད་པའི་དུས་ཚོད་དེ་ཡང་ན་ནིང་ལས་ཟླ་བ་གཅིག་སྔ་སྣུར་བྱས་པ་དང་མ་དངུལ་གཤམ་སྤྲོད་བྱེད་པའི་མྱུར་ཚད་ཀྱང་མགྱོགས་སུ་ཕྱིན་ཡོད་ཅིང་། ད་ལོ་བསྡོམས་རྩིས་བྱས་ན་སྒོར་དུང་ཕྱུར་8000ཟིན་པའི“གནད་གཉིས”འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་ཚང་མ་གཤམ་སྤྲོད་བྱས་ཟིན་པ་དང་། རྣམ་གྲངས་1459དེ་དག་འགྲིམ་འགྲུལ་དང་། ཞིང་ལས། ཆུ་བེད། དམངས་འཚོ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད།
མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྣམ་གྲངས་གལ་ཆེན་གྱིས་མ་འཇོག་ལ་སྐུལ་ཁྲིད་བྱེད་པའི་མྱུར་ཚད་མགྱོགས་སུ་ཟམ་མི་ཆད་པར་ཕྱིན་ཡོད། ལོ་སྟོད་དུ། རྒྱལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་4.6འཕར་བ་དང་། འཕར་ཚད་དེ་མ་འཇོག་ཡོངས་ལས་བརྒྱ་ཆའི་གནས་1.8མཐོ་བ་ཡོད་པ་རེད།
དངུལ་ལོར་སྲིད་ཇུས་ལྷུག་ཏུ་འོས་འཚམ་བཏང་ཡོད། བཅོལ་དངུལ་གྱི་གྲབས་གསོག་དངུལ་ཚད་བརྒྱ་ཆའི་གནས་0.5དམའ་རུ་བཏང་བ་དང་། ཁྲོམ་རར་དུས་ཡུན་རིང་པོའི་འཁོར་རྒྱུག་རང་བཞིན་གྱི་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་བཏང་བ། སྲིད་ཇུས་ཀྱི་སྐྱེད་ཚད་བརྒྱ་ཆའི་གནས་0.1དམའ་རུ་བཏང་བ་བཅས་ཀྱིས་ཁེ་ལས་དང་གྲོང་མིའི་མ་དངུལ་བསྡུ་རུབ་ཀྱི་མ་གནས་སྔར་བས་དམའ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་གང་མགྱོགས་གྲུབ་པར་བྱས་ཡོད། རྒྱལ་ཁབ་ཀྱི་ལས་གཏོད་མ་འཇོག་གི་ཁྲིད་སྟོན་ཐེབས་རྩ་བཙུགས་པ་བརྒྱུད། ས་གནས་ཀྱི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་གནས་སྒོར་དུང་ཕྱུར་ཁྲི་གཅིག་ཙམ་སྐུལ་ཁྲིད་བྱས་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྤེལ་དང་གོང་འཕེལ་གཏོང་བཞིན་ཡོད། ཚན་རྩལ་གསར་སྐྲུན་དང་ལག་རྩལ་བསྒྱུར་བཅོས་ཀྱི་བསྐྱར་གཏོང་དངུལ་བུན་གྱི་གྲངས་འབོར་དེ་སྒོར་དུང་ཕྱུར་8000བར་མང་དུ་བཏང་བ་བརྒྱུད། ཐོག་མའི་ལས་གཏོད་དང་རྒྱ་སྟོབས་ཇེ་ཆེར་འགྲོ་བཞིན་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་འབྲིང་ཆུང་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད། དངུལ་འཛིན་ཁྲོམ་རའི་ཚན་རྩལ་ཡུག་སྦྲེལ་ཁུལ་བཙུགས་པ་བརྒྱུད། ཚན་རྩལ་ཐོན་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ད་ལྟ་དངུལ་འཛིན་སྒོར་དུང་ཕྱུར་6000ལས་བརྒལ་བ་འགྲེམས་སྤེལ་བྱས་ཟིན་ཡོད། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་མཁན་ཚན་རྩལ་ཁེ་ལས་ལ་ཁྲོམ་རར་ཞུགས་པའི་གེགས་མེད་ལམ་བུ་ཤར་གཏོང་བྱས་ཡོད་པ་རེད།
ཧེང་ཀྲོའུ་ཡིས་ཐོན་ལས་ཐེབས་རྩའི་ཁྱུ་ཚོགས་ཀྱིས་སྤྱི་ཚོགས་ཀྱི་མ་གནས་དང་དངུལ་རྩའི་མ་གནས་སྤྱོད་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད་པ་དང་། ད་ལོ་མི་ཐབས་རིག་ནུས་ལ་དམིགས་ནས་བཏང་བའི་ཐོན་ལས་ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་1000ལས་བརྒལ་ཡོད།
ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སུ་མ་དངུལ་བར་མཚམས་མེད་པར་གཏོང་བཞིན་ཡོད་པ་དང་། ཚན་རྩལ་གྱི་སྔོན་ཐོན་ཁྱབ་ཁོངས་སུ་འགག་གཏོར་ཟམ་མི་ཆད་པར་བྱེད་བཞིན་ཡོད་ཅིང་། མཁའ་འགྲུལ་མཁའ་སྐྱོད་དང་། ཚད་རྡུལ་ཚན་རྩལ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་ཀྱི་འབྲས་བུ་རྫོགས་མཐའ་མེད་པར་སྨིན་བཞིན་ཡོད།
ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་ཆེད། སྲིད་ཇུས་ཀྱི་འགུལ་རྣམ་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་བྱ་ཐབས་གསར་དུ་བཏོན་ནས། འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་དམངས་ཁྲོད་ཀྱི་མ་འཇོག་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་གང་ལེགས་བྱས་ཡོད། ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་གཏོང་བའི་དངུལ་བུན་འབོར་གྲངས་མང་དུ་བཏང་བ་དང་། ལས་གནས་རྒྱ་སྐྱེད་པའི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་ཡོད། རེས་བསྐོར་གསར་པའི་གཞོན་ནུའི་ལས་གཏོད་སྐོར་གྱི་སྲིད་ཇུས་བྱ་ཐབས་17པར་འགྲེམས་བྱས་པ་དང་། མི་ཚོགས་གཙོ་བོའི་ལས་ཞུགས་ལ་འགན་སྲུང་གང་ལེགས་བྱེད་བཞིན་ཡོད། “ལས་རིགས་གཅིག་ལ་སྲིད་ཇུས་གཅིག་དང་ཁེ་ལས་གཅིག་ལ་བྱ་ཐབས་གཅིག”འདོན་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱིར་གཏོང་ཁེ་ལས་ཉེན་ཁ་ལས་གཡོལ་བར་རོགས་རམ་བྱེད་བཞིན་ཡོད། “རྒན་བྱིས་གཉིས”དང་ཁྱིམ་ཚང་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྣ་མང་ཅན་གྱི་ཞབས་ཞུ་མཁོ་འདོན་རྒྱ་ཆེར་གཏོང་བཞིན་ཡོད།
སྲིད་ཇུས་ཁག་ལག་ལེན་བསྟར་ནས་ཕན་འབྲས་ཡོད། ལོ་སྟོད་དུ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ་6.4འཕར་བ་དང་། བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ་5.5འཕར་བ་དང་། དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་0.2གཉིས་འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་5འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་0.4མགྱོགས་པ་བྱུང་ཡོད། སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པའི“སྣ་འདུས་ཐབས་བཟང”ནུས་པས་ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་བར་བར་རྒྱུན་སྲིང་སྒུལ་ཤུགས་མཁོ་འདོན་བྱེད་བཞིན་ཡོད་པ་རེད།
འཕྲིན་སྟེགས། weikangba