ཚེས་བཅུ་དྲུག་ཉིན། པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ཟུར་པ་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིན་ཅེ་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ཡོངས་བསྒྲགས་ངང་དཔྱད་མཚམས་བཏང་བ་དང་། ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ཞུ་སྦྱོར་ཕྱི་མ་ཝུའུ་དབྱིན་ཅེ་ལ་སྲོག་ཁྲིམས་བཅད་པ་དང་། དུས་བཀག་ལོ་གཉིས་ནར་འགྱངས་བྱས་ཏེ་ཚེ་གང་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་བ་དང་། གྱོད་གཞིའི་ནང་བདའ་འདེད་རྩིས་སྤྲོད་བྱས་པའི་ཝུའུ་དབྱིན་ཅེ་ཡིས་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་དང་དེའི་སྐྱེད་ཀ་ཁྲིམས་ལྟར་རྒྱལ་མཛོད་དུ་སྤྲོད་རྒྱུ་དང་། མི་འདང་བའི་ཆ་ཤས་མུ་མཐུད་བདའ་འདེད་གཏོང་རྒྱུ་རེད།
ཞིབ་གཅོད་བྱས་པ་བརྒྱུད་རྩད་ཆོད་པ་ལྟར་ན། ༢༠༠༦ལོའི་ཟླ་དྲུག་པ་ནས་༢༠༢༡ལོའི་ཟླ་གཉིས་པའི་བར་ཞུ་སྦྱོར་ཕྱི་མ་ཝུའུ་དབྱིན་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེ་དང་བསྟུན་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཏེ། མི་གཞན་གྱི་རྒྱུ་ནོར་ཁྲིམས་འགལ་གྱིས་བླངས་པ་དང་། བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་གསུམ་ལྷག་བསྡུས་པ་རེད། པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གསུམ་པས། ཞུ་སྦྱོར་ཕྱི་མ་ཝུའུ་དབྱིན་ཅེ་ཡི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་པས། ཁྲིམས་ལྟར་ཆད་པ་གཅོད་དགོས། ཝུའུ་དབྱིན་ཅེ་ཡིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། ཉེས་གསོག་གི་གནས་ཚུལ་ཧ་ཅང་ཚབས་ཆེ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་པ་བཅས་ཡིན་པས། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཚབས་ཆེན་ཕོག་པའི་རྐྱེན་གྱིས་ཉེས་པ་བརྩིས་ན་སྲོག་ཁྲིམས་གཅོད་དགོས། ཝུའུ་དབྱིན་ཅེ་ཡིས་མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཐེར་འདོན་བྱས་པ་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ཡིན་པ་དང་། བྱས་རྗེས་ཆེན་པོ་བཞག་པའི་སྤྱོད་སྟངས་ཡོད་ལ། ལྐོག་རྔན་ལེན་པའི་ཉེས་གསོག་ཁྲོད་དུ་ལག་ལེན་མ་ཐུབ་པའི་གནས་ཚུལ་ཡོད་པ་མ་ཟད། ཁོའི་གྱོད་དོན་ལ་ཞིབ་བཤེར་བྱས་རྗེས་བྱས་ཉེས་ཇི་མ་ཇི་བཞིན་ཞུ་གཏུག་བྱས་ཏེ། ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་མང་ཆེ་བ་རང་འགུལ་ངང་རྩིས་སྤྲོད་བྱས་པ་དང་། ཉེས་པ་ངོས་ལེན་བྱས་ནས་བསླུས་དངུལ་ཕྱིར་སློག་ཧུར་ཐག་བྱས། བསླུས་དངུལ་མང་ཆེ་བ་དང་དེའི་སྐྱེད་ཀ་གྱོད་དོན་དུ་བདའ་འདེད་བྱས་ཟིན་པས། ཁྲིམས་བཀོད་དང་བབ་བསྟུན་གྱིས་གུ་ཡངས་སུ་ཆད་གཅོད་བྱེད་པའི་གནས་ཚུལ་ཡོད་པས། ཁོ་ལ་སྲོག་ཁྲིམས་བཅད་པ་ལས་འཕྲལ་མར་ལག་བསྟར་མ་བྱེད་ན་ཆོག་ཅེས་ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད།

འཕྲིན་སྟེགས། weikangba