རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་མཐོའི་གོང་སྤེལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་སྲིང་གོང་འཕེལ་དང་འབྲེལ་བ་ཡོད་པའི་བསྐལ་བརྒྱའི་ཇུས་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྲུང་སྐྱོང་གཙོ་བོར་འཇོག་པ་དང་བཅོས་སྐྱོང་གལ་ཆེན་དུ་འཛིན་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། འབབ་རྒྱུད་ཡོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་འབྱུང་འཕྲོད་བརྗེ་སྒྱུར་ལ་འཕེལ་རིམ་གསར་པ་ཐོན་པ། སྤུས་མཐོའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་གསར་པ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། རྨ་ཆུ་འབབ་རྒྱུད་ཀྱི་ཞིང་ལྗོངས་དགུས་རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་འབྱུང་འཕྲོད་བརྗེ་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་མཐོའི་གོང་སྤེལ་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྣོན་བཞིན་ཡོད།
གྱ་གྱུ་ཅན་གྱི་རྨ་ཆུ་རྔམ་བརྗིད་ལྡན་པའི་ངང་དྲག་ཏུ་རྒྱུག་ཅིང་། རྨ་ཆུ་འབབ་རྒྱུད་ཀྱིས་རང་རྒྱལ་གྱི་འབྱུང་ཁམས་བདེ་འཇགས་སྲུང་ར་གལ་ཆེན་གྲུབ་ཡོད་ལ། མི་འབོར་བྱེད་སྒོ་སྤེལ་ཡུལ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་མཐོའི་གོང་སྤེལ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། རྟོག་ཞིབ་གནང་ཡུལ་རྨ་ཆུའི་སྟོད་སྨད་བར་གསུམ་གྱི་ཞིང་ལྗོངས་དགུ་ལ་ཁྱབ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་མཐོའི་གོང་སྤེལ་གྱི་ལམ་སྲོལ་ལེགས་སུ་གཏོང་དགོས་ཞེས་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་རྗེས་ཀྱི་ས་གནས་ཀྱི་རྟོག་ཞིབ་ཐོག་མ་དེ་སྤྱི་ཁྱབ་ཧྲུའུ་ཅི་རྨ་ཆུ་གྲོང་ཁྱེར་དབུས་ནས་བཞུར་བའི་ཀན་སུའུ་ལན་ཀྲོའུ་རུ་ཕེབས་པ་མ་ཟད། གནས་འདིར་ཆེད་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཁོང་གིས། རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་བཏང་ནས། འབྱུང་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་དགོས། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་འབྱུང་འཕྲོད་བརྗེ་སྒྱུར་ལ་སྐུལ་འདེད་བཏང་སྟེ། མ་ཡུམ་ཆུ་བོས་བུ་རབས་ཚ་རྒྱུད་ལ་རྒྱུན་མཐུད་ངང་ཕན་པ་བསྐྲུན་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།༼རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་མཐོའི་གོང་སྤེལ་གྱི་འཆར་འགོད་རྩ་གནད༽བཏོན་པ་དང་།༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས༽ལག་བསྟར་བྱེད་པ།༼རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད༽ལག་བསྟར་བྱེད་པ་སོགས་རྨ་ཆུའི་ཆུ་རྒྱུན་དལ་འབབ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་འཆར་འགོད་མ་ལག་སྔར་བས་ཚན་རིག་དང་མཐུན་པའི་སྒོ་ནས་འཐུས་ཚང་དུ་གཏོང་བཞིན་ཡོད། “བྱང་གསུམ”སོགས་འབྱུང་ཁམས་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རྨ་ཆུའི“རྟ་རྨིག་མའི”ཆུ་གུག་གི་འགག་གཏོར་དམག་འཐབ་སོགས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ་སོགས་སྲུང་སྐྱོབ་དང་བཅོས་སྐྱོང་གི་བྱ་ཐབས་རབ་དང་རིམ་པས་རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ལེགས་གཏོང་དང་འབྱུང་འཕྲོད་འཕེལ་རྒྱས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ད་ཆ། རྨ་ཆུའི་ཆུ་གཞུང་ཨ་མའི་རྒྱུག་ཁུལ་ཧྲིལ་པོར་ལོ་གསུམ་བསྟུད་མར་ཆུའི་སྤུས་ཚད་རིགས་གཉིས་པ་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ་དང་། འབབ་རྒྱུད་ཀྱི་ཆུ་སྤུས་ལེགས་ཀྱི་བསྡུར་ཚད་ལོ་གཉིས་བསྟུད་མར་བརྒྱ་ཆ་དགུ་བཅུ་ལས་བརྒལ་བ། རྩ་ཆེ་ཞིང་དཀོན་པའི་སྐྱེ་དངོས་རིགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོབ་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ཡོད། ད་ལོ་ནས་བཟུང་། རྨ་ཆུ་འབབ་རྒྱུད་ཀྱི་ས་གནས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་ཟམ་མི་ཆད་པར་བརྟན་དུ་གཏོང་བཞིན་ཡོད། སྟོད་རྒྱུད་དང་སྨད་རྒྱུད་གཅིག་གྱུར་འབྲེལ་མཐུད་ཀྱི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རྨ་ཆུའི་ཆུ་འགོ་གནས་སའི་མཚོ་སྔོན་གྱིས་ད་ལོ་གཙོ་གནད་འབབ་རྒྱུད་ཀྱི་འབྱུང་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༣བཏང་སྟེ། གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་འབྱུང་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། ཀན་སུའུ་རུ། ཆུ་འགོ་གསོ་འཁྱོངས་དང་རྒྱལ་ཁོངས་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བ། བྱེ་འགོག་བྱེ་བཅོས་སོགས་ཚུད་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་ལག་བསྟར་བྱས་ཤིང་། དེ་དག་རྨ་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་༩ཡི་རྫོང་༥༩ལ་ཁྱབ་ཡོད།
“བྱང་གསུམ་”ལས་གྲྭའི་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད། ནང་སོག་ཨ་ལ་ཧྲན་ཁུལ་དུ། པ་ཏན་ཅི་ལིན་དང་། ཐེང་ཀེ་ལི། ཨུ་ལན་པུ་ཧོ་བཅས་ཀྱི་བྱེ་ཁ་ཤིང་རྩྭས་བསྐོར་བའི་ལས་དོན་མི་རིང་བའི་གོང་ཡོངས་སུ་མཇུག་སྒྲིལ་བ་དང་། བྱེ་ཐང་ཆེན་པོ་གསུམ་གྱི་མཐའ་སྣེ་སྔོ་ཁེབས་ཀྱིས་ཡོངས་སུ་བསྐོར་ཐུབ་ཡོད་པས། རྨ་ཆུར་འཛུལ་བའི་འདམ་བྱེ་ཉུང་དུ་ནུས་ལྡན་གཏོང་ཐུབ་ཡོད། ད་ལོར། ནང་སོག་གིས“བྱང་གསུམ”ལས་གྲྭའི་འགག་གཏོར་དམག་འཐབ་རྒྱུན་མཐུད་དུ་རྒྱག་རྒྱུ་ཡིན་པ་དང་། འཆར་གཞི་བྱས་ན་ལོ་འདིའི་ནང་དུ་བྱེ་བཅོས་ཐུབ་ཚད་མུའུ་ཁྲི་༢༠༠༠ཡན་ཟིན་པ་བྱ་རྒྱུ་དང་། གཙོ་གནད་ཐོག་རྨ་ཆུའི“རྟ་རྨིག་མའི”ཆུ་གུག་འགྲམ་ངོགས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཤིང་རྩྭ་ཁུལ་འཛུགས་པའི་ལས་དོན་ཁྱོན་ཡོངས་ནས་བསྒྲུབ་རྒྱུ་ཡིན་པ་རེད།
ཡན་ལག་ཆུ་རྒྱུན་གཙོ་བོ་དང་མཚེའུ་མཛོད་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ད་ལོ། ཧྲན་ཞི་ཡིས་ནུས་ཤུགས་ཡོད་རྒུས“རྨ་ཆུར་ཆུ་གཙང་མ་འདྲེན”ཞེས་པའི་འབྱུང་ཁམས་སྲུང་སྐྱོབ་ལས་གྲྭར་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ས་བཅས་ལ་མ་ལག་རང་བཞིན་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཡོད། མིག་སྔར། ཡན་ལག་ལས་གྲྭ་༢༨༥ཡི་རྣམ་གྲངས་ཚང་མ་ལས་འགོ་བརྩམས་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་གོང་ལས་མཇུག་སྒྲིལ་ནས་ཕན་འབྲས་ཐོན་པ་བྱ་རྒྱུ་དང་། ཧྥེན་ཧོ་གཙང་པོ་རྒྱུག་ཁོངས་ཀྱི་རྒྱལ་བཤེར་བཅད་ངོས་༢༡ཚང་མའི་ཆུའི་སྤུས་ཚད་རིགས་གསུམ་པའམ་དེ་ཡན་ཟིན་པ་བྱ་རྒྱུ་རེད།
གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ཕྱོགས་ཡོངས་ནས་འབྱུང་འཕྲོད་བརྗེ་བསྒྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ས་གནས་ཁག་གིས་ད་དུང་འབྱུང་འཕྲོད་ཐཱན་ཉུན་གི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ནས་སྤུས་མཐོའི་གོང་སྤེལ་ལ་རམ་འདེགས་བྱེད་བཞིན་ཡོད། ད་ལོ་ནས་བཟུང་། ཧྲན་ཏུང་གིས་རྒྱལ་ཁབ་རིམ་པའི་འབྱུང་འཕྲོད་ལས་གྲྭ་གསར་པ་༨༦དང་འབྱུང་འཕྲོད་བཟོ་ལས་གླིང་ཁུལ་༡༣གསོ་སྤེལ་བྱས་ཡོད། ཉིང་ཞ་རུ། རླུང་གློག་འོད་ཧྥུའི་རྟེན་གཞི་ཆེ་གྲས་སོགས་གཙོ་གནད་རྣམ་གྲངས་ཁག་ཅིག་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་མཇུག་ཏུ་སླེབས་སྐབས། ཉིང་ཞ་ཡི་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་ཆས་ལས་གློག་གཏོང་ཚད་སྟོང་ཝ་ཁྲི་༥༥༠༠ལས་བརྒལ་རྒྱུ་དང་། སྔོན་དཔག་བྱས་ན་ལོ་ལྟར་དབྱང་གཉིས་ཐཱན་རྫས་ཏུན་ཁྲི་༦༥༠༠ཡན་འབུད་བཤངས་ཉུང་གཏོང་བྱས་པ་དང་གཅིག་མཚུངས་ཡིན་པ་རེད།
འཆར་གཞི་ལྟར་ན། ༢༠༣༥ལོར་སླེབས་སྐབས། རྨ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་ཐུབ་པ་བྱ་རྒྱུ་དང་། འབྱུང་ཁམས་མ་ལག་སྐྱོན་བྲལ་བརྟན་ལྷིང་ཡོང་བ་བྱ་རྒྱུ། ཆུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་སྡུད་ཐོག་བཀོལ་སྤྱོད་བྱེད་པའི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་ལ་སླེབས་པ་བྱ་རྒྱུ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ་རེད།
འཕྲིན་སྟེགས། weikangba