འཇིག་རྟེན་ཆགས་རིམ་གྱི་རིགས་པའི་གཞུང་ལུགས་ཐད། རང་རྒྱལ་གྱིས་ཐོག་མའི་འཐེན་ཤུགས་རླབས་ཀྱི་འཚོལ་ཞིབ་ཁྱབ་ཁོངས་ནས་གྲུབ་འབྲས་གསར་པ་གལ་ཆེན་བླངས་ཡོད། ལོ་བརྒྱད་རིང་ཞིབ་འཇུག་གསར་བཟོ་དང་འཛུགས་སྐྲུན་བྱས་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་གི་ནུས་མཐོའི་དངོས་ལུགས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་པའི་མངའ་རིས་ཀྱི་ཐོག་མའི་འཐེན་ཤུགས་རླབས་ཀྱི་འཚོལ་ཞིབ་ཚོད་ལྟའི་དུས་རིམ་དང་པོ་༼AliCPT-1༽བསྐྲུན་ཟིན་པ་མ་ཟད། ཐོག་མའི་འོད་ལྟ་ཞིབ་ཚད་ལེན་ཐུབ་ནས་ཟླ་བའི་གོ་ལ་དང་། ཕུར་བུའི་ཁྱབ་འགྱེད་༼150GHz༽ཀྱི་འདྲ་པར་གསལ་པོ་ལེན་ཐུབ་ཡོད་པ་རེད།
ཚན་ཞིབ་གྲུབ་འབྲས་འདི་ལས་རང་རྒྱལ་གྱིས་ཐོག་མའི་འཐེན་ཤུགས་རླབས་ཀྱི་འཚོལ་ཞིབ་ཚོད་ལྟའི་ཁྱབ་ཁོངས་སུ་འགག་སྒྲོལ་གལ་ཆེན་ཐུབ་པ་མཚོན་ཡོད། ཐོག་མའི་འཐེན་ཤུགས་རླབས་ཀྱི་འཚོལ་ཞིབ་ནི་རྨང་གཞིའི་ཚན་རིག་གི་མདུན་གྲལ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གྱི་ཡོད་པ་མ་ཟད། དེ་ནི་འཇིག་རྟེན་འབྱུང་ཁུངས་གཞུང་ལུགས་ལ་ཉམས་ཞིབ་བྱེད་པའི་འགག་རྩའི་ཚོད་ལྟ་ཞིག་ཡིན། ཚོད་ལྟ་འདི་ནི་རང་རྒྱལ་གྱི་ཐོག་མའི་འཐེན་ཤུགས་རླབས་ཀྱི་ཐད་ནས་འཚོལ་ཞིབ་ཚོད་ལྟ་ཐོག་མ་ཡིན་པ་དང་། འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཚོ་འཕགས་སྨི་5250ཡོད་པའི་རི་གཉའ་རུ་བསྒྲུབས་པ་རེད།