དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

2025-07-14
498

དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

   མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་སྐྲུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་འཆར་འགོད་དང་ཡང་ན་གྲོང་ཁྱེར་འཛུགས་སྐྲུན། གྲོང་ཁུལ་གསར་པ་འཛུགས་སྐྲུན་དང་ཡང་ན་གྲོང་ཁུལ་རྙིང་པ་ཞིག་གསོ་བྱེད་པ་གང་ཡིན་རུང་། མི་དམངས་གཙོ་བོར་འཛིན་ཞིང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་བསྟུན་པར། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་ཁོར་ཡུག་བཅས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། ནང་དོན་ཅན་དང་ལེགས་བསྡུས་ཅན། ལྗང་མདོག་ཅན་གྱི་སྤུས་མཐོའི་འཕེལ་རྒྱས་ལམ་བུར་སྐྱོད་པ། ལས་བདེ་དང་བདེ་སྡོད། སྤྲོ་སྐྱིད། ཡུལ་སྐོར་སྐྱིད་པོ་བཅས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་གང་ཐུབ་བྱས་ནས། མི་དམངས་ལ་ཐོབ་སྣང་སྔར་ལས་མང་ཡོད་པ་དང་། མི་དམངས་ཀྱི་དོན་དུ་འཚོ་བ་སྔར་ལས་སྐྱིད་པོ་སྐྲུན་གང་ཐུབ་བྱེད་དགོས་ཞེས་གསུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ས་གནས་ཁག་གིས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་དེ་གྲོང་ཁྱེར་འཕེལ་རྒྱས་གོ་རིམ་ཡོངས་དང་གྲོང་ཁྱེར་གྱི་ལས་ཀའི་ཕྱོགས་ཡོངས་སུ་ཟུང་འབྲེལ་བྱེད་པ། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། དེང་རབས་ཅན་གྱི་གྲོང་ཁྱེར་རེ་རེ་ལས་མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་བཞིན་ཡོད།

 ད་ལྟའི་ཀྲུང་གོ་རུ་ལས་བདེ་དང་བདེ་སྡོད། སྤྲོ་སྐྱིད། ཡུལ་སྐོར་ལ་འཚམ་པའི་གྲོང་ཁྱེར་རེ་རེ་བསྐྲུན་ནས། མི་དམངས་མང་ཚོགས་ལ་བདེ་སྣང་སྔར་ལས་མང་པོ་སྐྲུན་བཞིན་ཡོད།

        ད་ལོར་ལོ་རྒྱུས་ཀྱི་རིག་གནས་ཁྲོམ་ཁུལ་ཡོད་པའི་གྲོང་ཁྱེར་ཉིས་བརྒྱ་དོན་གསུམ་ལ་ཟིན་ཡོད་པས། རིག་གནས་ཡིད་རྟོན་གྱིས་གྲོང་ཁྱེར་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་བཅུག་ཡོད། ད་ལྟར་ཕྱོགས་བསྡུས་སྤྱི་གླིང་དང་འདུས་ཁུལ་སྤྱི་གླིང་གི་གྲངས་ཀ་བརྒྱ་ལས་བརྒལ་བའི་གྲོང་ཁྱེར་ང་དྲུག་ཡོད་པ་དང་། སྒེའུ་ཁུང་ཕྱེས་ན་སྔོ་ལྗང་མཐོང་ཐུབ་པའི་སྤྱི་གླིང་ནང་གི་གྲོང་ཁྱེར་སྔར་ལས་མང་པོ་ཡོད་པ་རེད། གྲོང་ཁྱེར་ནི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་ཞིང་སྤུས་ཀ་མཐོ་བའི་འཚོ་བ་སྐྲུན་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་གི་ཐེག་བྱེད་གལ་ཆེན་དུ་གྱུར་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་འཛུགས་སྐྱོང་སྐོར་བརྗོད་པ་གལ་ཆེན་རབ་དང་རིམ་པ་གནང་ནས། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་པ་དང་། མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་འཛུགས་པའི་འདུ་ཤེས་གལ་ཆེན་བཏོན་ཞིང་། སྔ་རྗེས་སུ་ཀྲུང་དབྱང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་ཀའི་གྲོས་ཚོགས་དང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་ཀའི་གྲོས་ཚོགས་འཚོགས་ནས། གྲོང་ཁྱེར་ཁྱབ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ལས་དོན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་དང་ལག་བསྟར་བྱས་པ་རེད། 

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ། གྲོང་ཁྱེར་གྱི་གཙོ་སྙིང་མི་ཡིན་པ་དགོངས་ཏེ། ས་གནས་སུ་རྟོག་ཞིབ་གནང་སྐབས། ཁོང་དུས་རྒྱུན་དུ་འདུས་ཁུལ་དུ་ཕེབས་ནས། འདུས་ཁུལ་ཆུང་རུང་། དུད་ཚང་ཁྲི་སྟོང་ལ་འབྲེལ་ཡོད་པས། འདུས་ཁུལ་ལས་ཀ་ཡག་པོ་སྒྲུབ་པ་ནི་ཧ་ཅང་གལ་ཆེན་ཞེས་ནན་གསུང་གནང་། གྲོང་ཁྱེར་གསར་བསྒྱུར་སྐོར་གླེང་སྐབས། ཁོང་གིས་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་བ་དང་། གྲོང་ཁྱེར་དེ་སྔར་ལས་བདེ་ཐང་དང་། སྔར་ལས་བདེ་འཇགས། སྔར་ལས་སྡོད་བདེ་བྱས་ནས། མི་དམངས་མང་ཚོགས་ཀྱི་སྤུས་ཀ་མཐོ་བའི་འཚོ་གཞིས་སུ་བསྒྱུར་དགོས་པའི་མངག་བཅོལ་གནང་། ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་སྐོར་གླེང་དུས། ཁོང་གིས་གྲོང་ཁྱེར་ལ་སྔར་ལས་རིག་ནུས་ལྡན་བཅུག་པ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་དགོས་ངེས་ལམ་བུ་རེད་ཅེས་གསུངས། 

ཀྲུང་གོ་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་ལས་འཛིན་འགོ་འཛིན་གཞོན་པ་ཝང་ཁའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་ཀའི་སྐོར་གྱི་བརྗོད་པ་གལ་ཆེན་རྣམས། གྲོང་ཁྱེར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཁག་དང་འབྲེལ་ལ། དེའི་ནང་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྱོང་། བཅོས་སྐྱོང་གི་ལས་རིམ་ཁག་འདུས་ཤིང་། ས་ཁོངས་དང་གྲོང་ཁྱེར། འདུས་ཁུལ། བཟོ་བཀོད་སོགས་རིམ་པ་བཅས་ལ་ཁེབས་ཡོད། དེ་དག་ནི་འཇིག་རྟེན་ལྟ་བ་དང་།བརྟག་ཐབས་སྨྲ་བ་དང་ཟུང་འབྲེལ་བྱེད་པ་ཡིན་ལ། རིགས་གཞུང་མཛུབ་སྟོན་དང་ལག་ལེན་བླང་བྱ་ཟུང་འབྲེལ་ཡིན་པས། ང་ཚོའི་དུས་རབས་གསར་པའི་གྲོང་ཁྱེར་ལས་ཀ་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་བསྲུང་བྱ་བཏོན་ཡོད་ཟེར། 

   སྲིད་ཇུས་བྱེད་ཐབས་ཁག་རེ་རེའི་སྐུལ་སྤེལ་འོག དེང་སང་གི་གྲོང་ཁྱེར་ནི་སྔར་ལས་སྡོད་བདེ་མོ་དང་། འཚོ་བ་སྔར་ལས་སྐྱིད་པོར་གྱུར་ཡོད།  ད་ལྟར། མི་གཙིགས་སུ་འཛིན་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་མྱུར་དུ་སྐྲུན་བཞིན་ཡོད་ལ། རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་བརྡལ་ཅན་ཀྱི་ཚད་བརྒྱ་ཆའི་རེ་བདུན་ལ་ཟིན། མི་དུང་ཕྱུར་དགུ་དང་བྱེ་བ་བཞི་གྲོང་ཁྱེར་དང་གྲོང་བརྡལ་དུ་འཚོ་བ་གཏོང་བཞིན་ཡོད། གྲོང་ཁྱེར་གྲངས་ཀ་དྲུག་བརྒྱ་གོ་བཞི་ལ་ཟིན་ཞིང་། ཞིང་ལས་གནས་སྤོ་མི་གྲངས་གྲོང་མི་ཅན་གྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་སོང་ནས། གཞིས་ཆགས་པའི་ཚད་བཀག་ཇེ་ཡང་གཏོང་བ་དང་། མི་གྲངས་འགྲོ་འོང་ཇེ་མང་འགྲོ་བཞིན་ཡོད། ད་ལྟར། གྲོང་ཁྱེར་ནང་སྡོད་པའི་ཆ་རྐྱེན་ཇེ་ལེགས་སོང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་བཞི་བཅུ་ལས་བརྒལ་ཞིང་། འཛམ་གླིང་ཐོག་ཆེས་ཆེ་བའི་སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྱོང་བྱས་ཡོད་དེ། བསྡོམས་པས་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁུལ་ཞིག་གསོའི་བདེ་འགོད་སྡོད་ཁང་ཆ་བྱེ་བ་དྲུག་ས་ཡ་བརྒྱད་ལྷག་འཛུགས་བསྐྲུན་ཞིང་། སྡོད་ཁང་དཀའ་ཁག་ཡོད་པའི་ཁྱིམ་ཚང་དུང་ཕྱུར་གཅིག་དང་བྱེ་བ་བདུན་གྱི་སྡོད་ཁང་ཕུགས་འདུན་གྲུབ་པ་རེད།  ད་ལྟར། གྲོང་ཁྱེར་གྱི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ཡག་སོང་ཡོད་དེ། ༢༠༡༩ལོ་ནས་༢༠༢༤ལོའི་བར། རྒྱལ་ཡོངས་སུ་བསྡོམས་པས་འདུས་ཁུལ་རྙིང་པ་འབུམ་གཉིས་ཁྲི་བརྒྱད་ཞིག་གསོ་བྱེད་འགོ་ཚུགས་ཤིང་། སྡོད་དམངས་དུད་ཚང་བྱེ་བ་བཞི་དང་ས་ཡ་བརྒྱད་ལ་ཕན་ཐོགས་པ་རེད། རྒྱལ་ཡོངས་སུ་སྤུས་ཀ་བཟང་བའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི་གྱ་བདུན་ཚེག་གཉིས་ལ་ཟིན། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་ཕལ་ཆེར་གཙང་མ་བྱས་ཐུབ། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་ཉིས་བརྒྱ་བཅུ་གཉིས་འཛུགས་སྐྲུན་བྱས་ཡོད་པས། གྲོང་ཁྱེར་གྱི་མི་རེར་ཆ་སྙོམས་ལྗང་བཟོ་རྒྱ་ཁྱོན་སྨི་གྲུ་བཞི་མ་བཅོ་ལྔ་ཚེག་དགུ་གཅིག་ལ་ཟིན། ད་ལྟར། གྲོང་ཁྱེར་སྔར་བས་རིག་ནུས་ཅན་ལ་གྱུར་བཞིན་ཡོད་དེ། རིག་ནུས་གྲོང་ཁྱེར་གྲངས་ཀ་ཇེ་མང་སོང་བ་དང་། རིག་ནུས་སྲིད་དོན་ཞབས་ཞུའང་རྒྱུན་ཆད་མེད་པར་རིམ་སྤར་འགྲོ་བཞིན་ཡོད། རྒྱལ་ཁབ་སྲིད་དོན་ཞབས་ཞུའི་སྟེགས་བུའི་ཐོག ཞབས་ཞུ་དོན་ཚན་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་དང་། དོ་སྣང་ཆེ་བའི་ཞབས་ཞུ་བཀོལ་སྤྱོད་ཁྲི་གསུམ་སྟོང་དྲུག་གི་ཚད་གཞི་ཅན་གྱི་ཞབས་ཞུ་གྲུབ་ཡོད། ད་ལྟར། གྲོང་ཁྱེར་གྱི་རིག་གནས་མིང་བྱང་སྔར་བས་ཇེ་རྒྱས་རེད། མིག་སྔའི་བར། རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲོང་ཁྱེར་བརྒྱ་དང་ཞེ་གསུམ་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲོང་བརྡལ་སུམ་བརྒྱ་བཅུ་གཉིས་ཡོད་པ་དང་། ལོ་རྒྱུས་བཀོད་པ་ཁྲི་དྲུག་སྟོང་བརྒྱད་དང་བརྒྱ་གཏན་ཁེལ་ཡོད།

      ད་ལོར། རྒྱུན་ཆད་མེད་པར་གྲོང་ཁྱེར་གསར་བསྒྱུར་བྱ་སྤྱོད་སྐོར་གྱི་བསམ་འཆར་བཀྲམ་པ་དང་བསྟུན་ང་ཚོའི་གྲོང་ཁྱེར་ལ་སྔར་བས་འཕོ་འགྱུར་འབྱུང་རྒྱུ་རེད། ད་ལོར། ཀྲུང་དབྱང་སྔོན་རྩིས་ཀྱིས་མ་དངུལ་བཏང་ནས་ཆེད་དུ་གྲོང་ཁྱེར་གསར་སྒྱུར་ཆེད་དོན་ལས་གཞི་བཀོད་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་ཚོ་བཅོས་སྐྲུན་ཁྱབ་ཁོངས་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་བར་རྒྱ་བསྐྱེད་རྒྱུ། ད་ལོར། ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་ཉིས་བརྒྱ་གོ་བདུན་དུ་ཁྱོན་ཡོངས་ནས་གྲོང་ཁྱེར་རྣམ་པ་བསྐྲུན་པའི་རྨང་གཞིའི་ཐོག ཆ་རྐྱེན་ལྡན་པའི་རྫོང་རིམ་པའི་གྲོང་ཁྱེར་ཡང་གྲོང་ཁྱེར་གྱི་རྣམ་པ་སྐྲུན་བཞིན་ཡོད།

           མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་སྐྲུན། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག གྲོང་ཁྱེར་རེ་རེས་ལག་ལེན་དངོས་ལ་བརྟེན་ནས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་བསྟར་བྱེད་ཅིང་། བདེ་སྡོད་དང་མཉེན་ཤུགས་ཅན། རིག་ནུས་ཅན་གྱི་འཛུགས་སྐྱོང་དམིགས་འབེན་ལ་ཕྱོགས་ནས། མི་དམངས་ཀྱི་དགོས་མཁོ་དང་མི་དམངས་ཞུ་གཏུག མི་དམངས་ཀྱི་འདོད་མགུ་རྣམས་གྲོང་ཁྱེར་བཅོས་སྐྱོང་མ་ལག་ནང་ཟུང་དུ་འདྲེས་ཏེ། གྲོང་ཁྱེར་རེ་རེ་དེ་མི་དམངས་ཀྱི་བདེ་སྐྱིད་ཁྱིམ་གཞིས་སུ་མངོན་སུམ་བསྒྱུར་ཐུབ་དགོས།

  • 顶