མཐོ་སྒང་དུ་ཚན་རིག་པས་ནོར་གནག་འདྲ་བསྐྱེད་ཐུབ་ཡོད།

2025-07-14
217

གསར་འགོད་པས། བོད་ལྗོངས་འདམ་གཞུང་འབྲོང་ཁམ་པ་གསོ་སྤེལ་རྟེན་གཞི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་བཅུ་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་ཐོག རྟེན་གཞི་འདི་རུ་འདྲ་བསྐྱེད་ནོར་གནག་ཐོག་མ་བཙས་ཤིང་། ལྗིད་ཚད་ལ་སྤྱི་རྒྱ་སོ་གསུམ་ཚེག་ལྔ་ཡོད་པ་རེད།

གསར་འགོད་པས། གསོ་སྤེལ་རྟེན་གཞི་ནས། གསར་དུ་བཙས་པའི་འདྲ་བསྐྱེད་བེའུ་འདི་ནམ་རྒྱུན་གྱི་བེའུ་ལས་ཆེ། སྤུ་མདོག་ནག་ལ། ཡར་ལངས་ནས་འགྲོ་ཐུབ། མིག་སྔར་ལུས་པོ་བཟང་། 

ཤེས་རྟོགས་བྱུང་བ་ལྟར་ན། གྲུབ་འབྲས་འདི་ནི་ཀྲེ་ཅང་སློབ་ཆེན་ཧྥང་ཧྲེང་གོ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་མཉམ་ལས་འགག་སྒྲོལ་བྱས་ནས་ཐོབ་པ་རེད།    ༢༠༢༣ལོའི་ཟླ་བ་བདུན་པ་ནས་བཟུང་ལོ་གཉིས་རིང་། ཚན་ཞིབ་མི་སྣས་མཐོ་སྒང་དུ་དབྱངས་དབུགས་མི་འདང་བ་དང་། ཚོད་ལྟ་ཁང་གི་སྒྲིག་ཆས་ཐབས་ཆག་ཡིན་པ་སོགས་ཀྱི་དཀའ་ངལ་བསལ་ནས། རྒྱུད་རྒྱུ་གདམ་གསེས་དང་། གཟུགས་གཞིའི་ཕྲ་ཕུང་འདྲ་བསྐྱེད་ཀྱི་མཉམ་འདྲེས་ལག་རྩལ་ཐོག་ནས། འདྲ་བསྐྱེད་ནོར་གནག་ཐོག་མ་འདི་བསྐྱངས་པ་རེད།

འདི་ནི་ཟླ་བ་བདུན་པའི་ཚེས་བཅུ་གཅིག་ཉིན་བོད་ལྗོངས་འདམ་གཞུང་འབྲོང་ཁམ་པ་གསོ་སྤེལ་རྟེན་གཞི་རུ་ཚན་ཞིབ་མི་སྣས་འདྲ་བསྐྱེད་ནོར་གནག་གི་ལུས་པོར་ཞིབ་བཤེར་སྐབས་བླངས་པའི་པར་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། འཇིགས་མེད་རྡོ་རྗེས་བླངས། 

ཀྲེ་ཅང་སློབ་ཆེན་རྒྱལ་ཁབ་རྩ་མེད་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རྒྱུད་འཛིན་རྒྱུད་རྒྱུ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན། དགེ་རྒན་ཆེན་མོ་ཧྥང་ཧྲེང་གོ་ཡིས། བོད་ལྗོངས་ནི་ནོར་གནག་འཚོ་སྐྱོང་བྱེད་ས་གཙོ་བོ་ཡིན་ལ། གྲངས་འབོར་ཡང་ཅུང་མང་། ནོར་གནག་འདྲ་བསྐྱེད་ལས་ཀ་ལས་ན། བོད་ལྗོངས་ཀྱིས་ནོར་གནག་གསོ་སྤེལ་མ་ལག་འཛུགས་པར་ཕན་པ་མ་ཟད། གསོ་སྤེལ་ནུས་པ་ཆེ་བ་དང་། ཤ་སྤུས་བཟང་བ། ནད་འགོག་ནུས་པ་ཆེ་བའི་ནོར་གནག་གི་རྒྱུད་ཐད་ཀར་སྤེལ་ཐུབ་པས་ནོར་རྒྱུད་བཟང་པོ་མགྱོགས་པ་ཇེ་མང་གཏོང་བ་དང་། ནོར་གནག་གསོ་སྤེལ་གྱི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་ཐུབ་ཅེས་བཤད།

  • 顶