ལི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ལ་ཐུགའཕྲད་གནང་བ།

2025-07-10
316

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལི་ཡུའེ་རེ་ནེ་ལུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ལ་ཐུགའཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལི་ཡུའེ་རེ་ནེ་ལུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ལ་ཐུགའཕྲད་གནང་བ་རེད། 

ལི་ཆང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཚུན་གྱི་ལོ་ངོ80རིང་། འཛམ་གླིང་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེང་སྐབས་འཛམ་གླིང་དུ་བརྟན་ལྷིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་ལེགས་པོར་འདོན་སྤེལ་བྱ་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་བཏོན་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་དང་ཚད་མཐོའི་མཐུན་པ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་དང་དངོས་སྒྲུབ་རྣམ་འགྱུར་མཚོན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། རྒྱལ་སྤྱིའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དེ་ཙམ་གྱིས་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གོ་གནས་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་དང་། ཕྱོགས་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ཁག་ལ་སྔར་བས་སྐུལ་འདེད་ལེགས་པོ་གཏོང་འདོད་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་བདེ་འཇགས་དུས་བབ་ཛ་དྲག་ཡོད་པས། ཀྲུང་གོས་གླེང་མང་གནད་དོན་ཆབ་སྲིད་ཐོག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད། ཞི་བདེ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་འབོར་ཆེན་བྱས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་གཏོང་བར་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་སོ་སོས་འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་དམིགས་བསལ་གོ་གནས་སུ་བཞག་སྟེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་དེ་སྔོན་ལ་དབུལ་པོ་ཉུང་གཏོང་དང་སློབ་གསོ། ལས་ཞུགས། ནུས་པ་འཛུགས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་སུ་བཏང་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་བསྐྱར་གསོ་བྱ་དགོས། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིས་བཟོས་རིག་ནུས་དང་དྲ་རྒྱའི་བར་སྟོངས། གླིང་སྣེ། བར་སྣང་སོགས་གསར་དར་ཁྱབ་ཁོངས་བཅོས་སྐྱོང་གི་ཞན་ཆ་གང་མགྱོགས་ཀྱིས་ཁ་གསབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་ཐད་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། 

ཀུའུ་ཐེ་ལེ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་འབེན་དང་ཚད་མཐོའི་མཐུན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གླེང་མང་གནད་དོན་ཆབ་སྲིད་ཐོག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་བཅོས་བསྒྱུར། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་མདུན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པ་གོ་སྐབས་སུ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་དེ། མིས་བཟོས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། །


  • 顶