
ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ལི་ཡུའེ་རེ་ནེ་ལུའུ་རུ་པ་ཞིའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ལི་ཡུའེ་རེ་ནེ་ལུའུ་རུ་པ་ཞིའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་དངུལ་ཁང་དང་ཁྲང་ཁྲིན་རླངས་འཁོར། རྒྱལ་ཁབ་གློག་དྲ། ཅིན་ཧྥིན་ཚན་རྩལ། ཀྲུང་གོ་འབྲུ་རིགས་ཚོགས་པ། ཀེ་ལི་གློག་ཆས། ཏ་ཧྭ་ལག་རྩལ། ཀྲུང་ཐེན་ཚན་རྩལ་སོགས་ཁེ་ལས་ཀྱི་ས་གནས་དེ་གའི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
ཁེ་ལས་ཀྱི་འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ལི་ཆང་གིས་བསྟན་དོན། ལོ་ཤས་རིང་ཀྲུང་གོའི་ཁེ་ལས“ཕྱི་རོལ་དུ་བསྐྱོད་པའི”གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་ནུས་པ་ཆེ་རུ་ཕྱིན་ནས། རྒྱལ་ནང་གི་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གལ་ཆེན་རང་བཞིན་ཡང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ད་ལོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་རྒྱུན་མཐུད་ངང་ཇེ་བཟང་དུ་ཕྱིན་ཡོད་ལ། ལོ་སྟོད་ཀྱི་མཚོན་ཚུལ་ལ་བལྟས་ན། འཕར་སྣོན་ལ་མཉེན་ཆ་ལྡན་པ་དང་ནང་མཁོ་ལ་མི་མངོན་པའི་སྟོབས་ཤུགས་ཡོད་པ། གསར་གཏོད་ལ་ཁྱད་ཆོས་ཡོད་པ་བཅས་རེད། ཀྲུང་གོའི་དཔལ་འབྱོར་ལ་ཕྱི་རོལ་གྱི་ཕོག་ཐུག་གང་རུང་འགོག་པ་དང་། ཡུན་རིང་བརྟན་རླིང་ངང་འཕར་སྣོན་ཡོང་བའི་ནུས་པ་རྦད་དེ་ཡོད་པ་དེ་ནི་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་གྱི་ཀྲུང་གོའི་མ་དངུལ་འཇོག་མཁན་ཁེ་ལས་འཕེལ་རྒྱས་གཏོང་བའི་རྒྱབ་རྟེན་སྲ་བརྟན་ཞིག་ཡིན། སྲིད་གཞུང་སྡེ་ཚན་གྱིས་ཁེ་ལས་ལ་ཞབས་ཞུ་དང་འགན་སྲུང་ཡག་པོ་བྱས་ཏེ། དཔལ་འབྱོར་ཚོང་དོན་མཉམ་ལས་ལམ་སྲོལ་སྣ་ཚོགས་ཀྱི་སྟེགས་བུ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་བློ་འདྲི་དང་དངུལ་རྩ། ཡིད་རྟོན་འགན་བཅོལ། བདེ་འཇགས་འགན་སྲུང་སོགས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་བའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཁེ་ལས་འཕེལ་རྒྱས་གཏོང་བར་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་པ་དང་སྔར་ལས་སྟབས་བདེ་མང་པོ་མཁོ་འདོན་བྱེད་དགོས།
ལི་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་སྟེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཆེ་རུ་འགྲོ་བ། ཉོ་ཚོང་མ་འཇོག་གི་བཀག་རྒྱ་སྣ་ཚོགས་མང་དུ་འགྲོ་བའི་དུས་མཚུངས་སུ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པས། ཁེ་ལས་ཀྱི་ངོས་ནས་བརྗོད་ན་འགྲན་སློང་ཡོད་ལ་གོ་སྐབས་ཀྱང་ཡོད་པ་རེད། ཀྲུང་གོའི་མའཇོག་ཁེ་ལས་ཀྱིས་དུས་བབ་དང་བསྟུན་ནས་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུའི་རེ་བ་ཡོད། སྤུས་རྟགས་ཕུལ་དུ་བྱུང་བ་དང་། མདུན་ལྗོངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ།“ཀྲུང་གོས་བཟོས་པ་”དང“ཀྲུང་གོས་གསར་སྐྲུན”གྱི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ས་གནས་དེ་གའི་ཁྲོམ་ར་གཏིང་ཟབ་ངང་སྤེལ་ནས། འཛད་སྤྱོད་པར་བྲིན་ཁ་རྒྱུག་པའི་ཐོན་རྫས་དང་ཞབས་ཞུ་དེ་བས་མང་པོ་མཁོ་འདོན་བྱེད་དགོས་པ་མ་ཟད། པ་ཞི་ལས་སྟེགས་སུ་བྱས་ནས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་ལ་ཏིང་མེ་གླིང་གི་ཁྲོམ་རར་ཁྱབ་འགྱེད་བྱས་ནས། ཧུར་ཐག་གིས་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ས་གནས་དེ་གའི་བཅའ་ཁྲིམས་ལམ་ལུགས་དང་རིག་གནས་གོམས་སྲོལ་ལ་བརྩི་འཇོག་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་གིས་འཁུར་བ། འགན་འཁྲི་དང་ཁག་ཁུར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་གཟུགས་བརྙན་ཧུར་ཐག་གིས་གཏོད་པ་བཅས་བྱེད་དགོས།
ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་བསྟན་དོན། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་ཁྱད་ཆོས་ལ་གཞི་ཚུགས་ནས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་རྒྱུ་དང་། ས་གནས་དེ་གར་གཞི་ཚུགས་རྒྱུ་མཐའ་འཁྱོངས་དང་། ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བརྟན་རླིང་ངང་སྤེལ་བ། དངུལ་རྩ་དང་ནུས་ཁུངས། ཞིང་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་ལས་སྒོ་མུ་མཐུད་རྒྱ་སྐྱེད་བཏང་སྟེ། ཕྱི་རྒྱལ་གྱི་ཀྲུང་གོའི་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་དང་པ་ཞི་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་དང་མ་འཇོག་གི་འབྲེལ་བ་སྔར་བས་དམ་ཟབ་བཙུགས་ནས། གཉིས་ཕན་མཉམ་རྒྱལ་སྔར་བས་ལེགས་པར་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན། །
འཕྲིན་སྟེགས། weikangba