
འདི་ནི་ཟླ7པའི་ཚེས2ཉིན་པར་བླངས་པའི2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་གྲངས་འཛིན་དཔལ་འབྱོར་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རོལ་མྱོང་ཁུལ་རེད། ཉིན་དེར། 2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་པེ་ཅིན་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་མགོ་བརྩམས་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ཚེས2ཉིན་པེ་ཅིན་དུ་ཚོགས་མགོ་བརྩམས་པ་རེད། སྐབས་འདིའི་ཚོགས་ཆེན་གྱིས“གྲངས་གཞིའི་མཛའ་གྲོགས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ”བརྗོད་དོན་དུ་བྱས་ནས། གོ་ལ་ཧྲིལ་པོའི་རྒྱལ་ཁབ50ལྷག་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་གྱི་རྒྱལ་སྤྱིའི་སྐུ་མགྲོན300ལྷག་ཚུད་པའི་ཚོགས་ཞུགས་མི་སྣ་སྟོང་ཕྲག་ལྷག་ཞུགས་རྒྱུའི་ཡིད་དབང་བཀུགས་ཡོད།
ཚོགས་ཆེན་མགོ་རྩོམ་མཛད་སྒོའི་ཐོག པེ་ཅིན་གྱིས་ཡོ་རོབ་དང་མེ་གླིང་བྱང་མ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ། དབུས་ཤར་ས་ཁུལ་དང་ལ་ཏིང་མེ་གླིང་སོགས་ས་ཁུལ་གྱི་རོགས་ཟླའི་གྲོང་ཁྱེར40ལྷག་དང་ལག་གདང་སྦྲེལ་ནས། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྲོང་ཁྱེར་མནའ་འབྲེལ་ཐུན་མོང་ཐོག་འཛུགས་རྒྱུའི་གྲོས་གཞི་བཏོན། མནའ་འབྲེལ་དེའི་དམིགས་ཡུལ་ནི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱལ་མཚམས་ལས་བརྒལ་བའི་གཞི་གྲངས་བཅོས་སྐྱོང་། མི་ཐབས་རིག་ནུས་ཀྱི་མི་ཆོས། བློ་རིག་གྲོང་ཁྱེར་བཀོལ་སྤྱོད་སོགས་འགག་རྩའི་གྲོས་གཞི་ལ་དམིགས་ཏེ། གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་འཕེལ་རྒྱས་དང་ཐོན་ལས་སྐྱེ་ཁམས་མཉམ་སྐྲུན། གྲངས་འཛིན་བཅོས་སྐྱོང་གསར་གཏོད་སོགས་ཀྱི་ལག་ལེན་གཏིང་ཟབ་ཏུ་གཏོང་ཆེད་རེད། མནའ་འབྲེལ་བཙུགས་པ་དེ་ཐོག་ནས་གྲངས་འཛིན་དཔལ་འབྱོར་མཉམ་ལས་དེ་ཕྱོགས་གཉིས་ཀྱི་མཉམ་འགུལ་ནས་ཕྱོགས་མང་མཐུན་སྦྱོར་དུ་བསྐྱོད་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བ་ནས་ལམ་སྲོལ་ཅན་གྱི་འཁོར་སྐྱོད་དུ་རིམ་སྤོར་བྱས་པ་མཚོན་ཡོད།
2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱིས“གྲངས་འཛིན་དཔལ་འབྱོར་རོགས་ཟླའི་གྲོང་ཁྱེར”མཉམ་ལས་གྲོས་གཞི་ཐོག་མར་བཏོན་པ་ནས། 2024ལོར་པེ་ཅིན་གྲོང་ཁྱེར་གྱིས་ཁོངས་མི་སྐོར་དང་པོ་དང་མཉམ་འབྲེལ་གྱིས“འགུལ་སྐྱོད་འཆར་གཞི་དྲུག”སྤེལ་མགོ་ཚུགས་པའི་བར་དང་། དེ་ནས་ད་ལོར་མཉམ་འབྲེལ་རྒྱལ་ཚོགས་སྦྱོང་བརྡར་ཞིབ་འཇུག་ཁང་དང་། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྲོང་ཁྱེར་མནའ་འབྲེལ་འཛུགས་རྒྱུའི་གྲོས་གཞི་བཏོན་པ་དང་། འཕེལ་རྒྱས་གལ་ཆེན་རབ་དང་རིམ་པའི་ཐོག་ནས་པེ་ཅིན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་གསར་གཏོད་ཐབས་ལམ་མུ་མཐུད་དུ་འཚོལ་ཞིབ་བྱེད་པའི་ལག་ལེན་སྙིང་སྟོབས་མངོན་པར་བྱས་ཡོད།
ཤེས་གསལ་ལྟར་ན། 2025ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། རྒྱལ་ཁབ་གཞི་གྲངས་ཅུས། ཞིན་ཧྭ་གསར་འགྱུར་ཁང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་བཅས་ཀྱིས་གཙོ་སྒྲུབ་བྱས། ཚོགས་ཆེན་གྱི“1+6+N”ཚོགས་འདུའི་སྒྲོམ་གཞི་བཀོད་སྒྲིག་བྱས་པ་སྟེ། མགོ་རྩོམ་མཛད་སྒོ1དང་། གླེང་སྟེགས་གཙོ་བོ6། ཆེད་དོན་གླེང་སྟེགས་མང་པོ་དང་དེ་བཞིན་ཁྱད་ཆོས་ལྡན་པའི་བྱེད་སྒོ་བཅས་རེད། །
འཕྲིན་སྟེགས། weikangba