
ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་གྲོས་དཔོན་ཝན་ནའོ་དང་གྲོས་མོལ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་འོག་མའི་གྲོས་དཔོན་ཝན་ནུའོ་དང་གྲོས་མོལ་གནང་།
ཀྲའོ་ལེ་ཅི་ཡིས་གསུངས་རྒྱུར། ད་ལོའི་ཟླ2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཕེ་ཐུང་ཐན་དང་ཐུག་འཕྲད་གནང་སྟེ། ཀྲུང་གོ་དང་ཐེ་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་གཅིག་མཐུན་གྱི་ལྟ་བ་གལ་ཆེན་ཆགས་ཡོད། ཀྲུང་གོས་ཐེ་གོ་ཕྱོགས་དང་ལྷན་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོས་ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཐེ་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཐེ་གོ་དང་ལྷན་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་དང་ཐེ་གོའི་མ་འོངས་ཐོན་ལས་ཆེ་གྲས་ལྔ་དང་སྦྲེལ་མཐུད་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་དང་། མཐོ་རིམ་ཚན་རྩལ་དང་ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད། མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཐེ་གོའི་བར་དུ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལེགས་པོར་བསྒྲུབ་རྒྱུ་དང་། ན་གཞོན་དང་སློབ་གསོ། སྨྱན་བྱད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། དྲ་རྒྱན་གློག་རྫུན་སོགས་རྒྱལ་མཚམས་བརྒལ་བའི་ཉེས་གསོག་བྱ་སྤྱོད་ལ་མཉམ་དུ་རྡུང་རྡེག་གཏོང་དགོས། ཀྲུང་གོ་དང་ཡ་གླིང་ཤར་ལྷོའི་མནའ་འབྲེལ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་ཕྱོགས་མང་ལས་སྟེགས་སུ་མཉམ་ལས་དམ་ཟབ་དུ་བཏང་སྟེ། ཕྱོགས་མང་ངོ་མ་སྲུང་འཛིན་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང"འཛམ་གླིང་གི་གྲོས་གཞི་ཆེན་པོ་གསུམ"ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཐེ་གོའི་རྒྱལ་ཚོགས་དབར་ཐོག་མཐའ་བར་གསུམ་དུ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་གྲོགས་ཚོ་ཆུང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མི་བཅས་དབར་གྱི་སྤེལ་རེས་དང་འགྲོ་འོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་ལེགས་བཅོས། ཁྲིམས་འཛུགས། ལྟ་སྐུལ་སོགས་ལ་དམིགས་ནས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་དགོས། རྒྱལ་ཁབ་ཁག་གི་དབྱི་ཧུའེ་གྲོས་ཚོགས་མནའ་འབྲེལ་དང་ཨེ་ཤ་ཡའི་དབྱི་ཧུའེ་གྲོས་ཚོགས་ཚོགས་ཆེན་སོགས་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས།
ཝན་ནུའོ་ཡིས་བསྟན་དོན། ཐེ་གོ་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲག་རྒྱུད་མཉམ་འདྲེས་དང་རིག་གནས་འབྲེལ་འདྲིས་ཡོད་པ་རེད། ཐེ་གོ་དང་ཀྲུང་གོ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་རིང་ཐོག་མཐའ་བར་གསུམ་དུ་མཉམ་ལས་མཉམ་རྒྱལ་དང་སེམས་མཐུན་རོགས་ལས་བྱས་ཡོད། ཀྲུང་གོ་མི་དམངས་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཐེ་གོ་ཕྱོགས་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བརྟན་པོ་བྱས་ནས། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རིག་གནས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་འདོད་ཡོད། ཐེ་གོས་ཀྲུང་གོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཐེ་གོ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཛའ་གྲོགས་འགྲོ་འོང་དམ་ཟབ་བྱས་ནས། ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་དུ་སྤེལ་ཏེ།"ཐེ་གོ་དང་ཀྲུང་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བར"སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་ལེགས་སྐྱེས་འབུལ་འདོད་ཡོད།
ཞུའེ་ཁེ་ལའེ་ཐི་·ཀྲ་ཁི་ཨེར་གྲོས་མོལ་ལ་ཞུགས། །
འཕྲིན་སྟེགས། weikangba