ཟླ6པའི་ཚེས24ཉིན་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནའོ་ཝའོ་ཡ་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས24ཉིན་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིནམི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནའོ་ཝའོ་ཡ་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཁྭ་ཏོར་དབར་བར་ཐག་རིང་པོ་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར45རིང་། ཀྲུང་གོ་དང་ཨེ་ཁྭ་ཏོར་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ལ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས། ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་མཛའ་གྲོགས་དེ་བས་མི་སེམས་སུ་གཏིང་ཟབ་ངང་ཟུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཁྭ་ཏོར་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཐུག་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་ཆེད་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་ཨེ་ཁྭ་ཏོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་དེ་བས་མང་པོ་བསྣོན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཁྭ་ཏོར་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་།"རྒྱུད་གཅིག་ལམ་གཅིག"མཉམ་ལས་དམ་ཟབ་བྱེད་པ། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་ཆེར་གཏོང་བ། ནུས་རྒྱུ་གཙང་མ་དང་རྨང་གཞིའི་སྒྲིག་བཀོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་དེ་བས་མང་པོ་ཀྲུང་གོར་ནང་འདྲེན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཨེ་ཁྭ་ཏོར་ཕྱོགས་ཀྱིས་དངོས་མང་འགྲེམས་སྟོན་ཚོགས་འདུ་སོགས་ངོ་སྤྲོད་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མི་སྣ་འགྲོ་འོང་སྟབས་བདེ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་སོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི"ལས་གཞི་ཆེན་པོ་ལྔ"མཉམ་སྐྲུན་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཨེ་ཁྭ་ཏོར་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་ཐད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ནའོ་ཝའོ་ཡ་ཡིས་བསྟན་དོན། ཀྲུང་གོ་ནི་ཨེ་ཁྭ་ཏོར་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་ཡིན་པ་དང་། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་པས། ནུས་ལྡན་ངང་ཨེ་ཁྭ་ཏོར་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད། ཨེ་ཁུ་ཏོར་ཕྱོགས་ཀྱིས་ཨེ་ཁྭ་ཏོར་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་དངོས་གཉེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་གྲོས་མོལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། ཉོ་ཚོང་དང་དངུལ་རྩ། ཞིང་ལས། ནུས་ཁུངས་གཙང་མ། རྨང་གཞི་འཛུགས་སྐྲུན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་ཆོས་རིག་གནས་ཀྱི་སྤེལ་རེས་དམ་ཟབ་དུ་བཏང་སྟེ། ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས་ཡོད། །
འཕྲིན་སྟེགས། weikangba