ལི་ཆང་གིས་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སིའུ་མ་ལི་ཡེ་ཧྥུ་ལ་ཐུག་འཕྲད་གནང་བ།

2025-06-26
675

ཟླ6པའི་ཚེས24ཉིན་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སིའུ་མ་ལི་ཡེ་ཧྥུ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས24ཉིན་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སིའུ་མ་ལི་ཡེ་ཧྥུ་ལ་ཐུག་འཕྲད་གནང་། 

ལི་ཆང་གིས་བསྟན་དོན། ཅི་ཨེར་ཅི་སི་སི་ཐན་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ཕྱོགས་ཡོངས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་བསླེབས་ཡོད། གཟའ་འཁོར་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུ་གཉིས་ཀྱིས་ཨ་སི་ཐན་དུ་ཐུག་འཕྲད་གནང་ནས། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱས་ཏེ། དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། 

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ས་ཁམས་ཁྱིམ་མཚེས་དང་ཐོན་ལས་ཕན་ཚུན་ཁ་གསབ་བྱེད་ཀྱིན་ཡོད་པས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་བར་སྟོང་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གཙོ་གནད་ལ་དམིགས་པ་དང་ཕན་འབྲས་འབུར་ཏུ་བཏོད་དེ། མཉམ་ལས་ཀྱི་གཞི་ཁྱོན་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྲིད་གཞུང་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་ཞབས་ཞུའི་ཉོ་ཚོང་དང་མ་འཇོག་གི་གྲོས་ཆོད་སྔ་མོ་ནས་གཏན་ཁེལ་གང་ཐུབ་བྱེད་དགོས། ཀྲུང་ཅི་ཝུའུ་ལྕགས་ལམ་དང་། ཀྲུང་ཅི་མཛའ་གྲོགས་ཟམ་པ། འགག་སྒོ་བསྒྱུར་བཀོད་སོགས་འབྲེལ་མཐུད་སྦྲེལ་མཐུད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ནུས་ཁུངས་གཙང་མ་དང་གློག་ཤུགས་རླངས་འཁོར། མི་ཐབས་རིག་ནུས། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཁྱད་ཆོས་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཁྱད་ཆོས་ལྡན་པའི་ཚོང་ཟོག་དེ་བས་མང་པོ་ནང་འདྲེན་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཅི་ཨེར་ཅི་སི་སི་ཐན་དུ་མ་འཇོག་བྱ་གཞག་དར་སྤེལ་གཏོང་རྒྱུར་སྐུལ་མ་གཏོང་གིན་ཡོད་པ་མ་ཟད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཁུང་ཙི་སློབ་ཆེན། ལུའུ་པན་བཟོ་ཁང་སོགས་ལས་སྟེགས་མུ་མཐུད་འཛུགས་སྐྲུན་བེད་སྤྱོད་ཡག་པོ་བྱས་ཏེ། མི་སྣ་འགྲོ་འོང་སྔར་བས་སྟབས་བདེ་བཟོས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་རྒྱུན་ཆད་མེད་པར་ཇེ་ལེགས་དང་སྟོབས་ཆེར་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་སྟེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ནས། རང་མོས་ཉོ་ཚོང་དང་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་ཕྲེང་འབྲེལ་ཐག་མཐའ་གཅིག་ཏུ་སྲུང་སྐྱོང་བརྟན་པོ་བྱ་འདོད་ཡོད།

ཁ་སིའུ་མ་ལི་ཡེ་ཧྥུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཅི་ཨེར་ཅི་སི་སི་ཐན་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཀྲུང་ཅི་ཝུའུ་ལྕགས་ལམ་སོགས་གཙོ་གནད་མཉམ་ལས་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཅི་ཨེར་ཅི་སི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཧ་ཅང་གཅེས་སྤྲས་བྱས་ནས། ཀྲུང་གོ་ནི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླའི་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱས་ནས། ཐའེ་ཝན་དང་། ཞིན་ཅང་དང་བོད་ལྗོངས། ཞང་ཀང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་དང་། རྣམ་པ་གང་རུང་གི"ཐའེ་ཝན་རང་བཙན"ལ་ངོ་རྒོལ་བྱེད་ཀྱིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ནང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ཁྲེན་རྨིན་ཨེར་དང་ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས་ཡོད། །


  • 顶