
ཟླ6པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཡོ་ནན་གྱི་ཙུང་ལི་ཧྥན་མིན་ཀྲིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་དུ་ཀྲུང་གོར་དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཡོ་ནན་གྱི་ཙུང་ལི་ཧྥན་མིན་ཀྲིན་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཡོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན། འདས་པའི་ལོ་ངོ75རིང་། ཀྲུང་ཡོས་ཕན་ཚུན་རྒྱབ་སྐྱོར་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བློ་མཐུན་དང་སྤུན་ཟླ་ལྟ་བུའི་བརྩེ་བ་ཟབ་མོ་ཇེ་ཟབ་དང་སྲ་བརྟན་དུ་བཏང་ཡོད། ཟླ4པར་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་དུ་རྒྱལ་ཁའི་ངང་འཚམས་འདྲི་གནང་བའི་ཚུན་ལ། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་དུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ལེགས་པོ་བྱས་ཏེ། ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཆར་འགོད་ཆེན་པོ་དེ་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཇུས་འགོད་དུ་བསྒྱུར་བ་དང་། ཀྲུང་ཡོ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དོན་དངོས་སུ་བསྒྱུར་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་སྔར་ལས་མང་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་གཏན་འཇགས་མིན་པ་དང་གཏན་ཁེལ་མིན་པའི་རྒྱུ་རྐྱེན་སྔར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོ་དང་ཡོ་ནན་གྱིས་སྔར་ལས་མཐུན་སྒྲིལ་དམ་ཟབ་དུ་བཏང་སྟེ། འཐབ་ཇུས་འབྲེལ་མཐུད་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣོན་དགོས་པ་དང་། དེ་ཕྱོགས་གཉིས་ལ་ཕན་ཁ་མ་ཟད། ས་ཁུལ་དང་འཛམ་གླིང་ལའང་ཕན་པ་ཡོད། ཀྲུང་གོས་ཡོ་ནན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་མགྱོགས་སུ་བཏང་སྟེ། ཕྱོགས་གཉིས་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ལེགས་པོར་འཚོགས་ནས།"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་གྱི་གྲོས་གཞི་དང"ཁྱམས་གཉིས་ཚོམས་གཅིག"གི་གཞི་སྒྲོམ་འབྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཀྲུང་ཡོ་ལྕགས་ལམ་འབྲེལ་མཐུད་ལ་སྐུལ་འདེད་དང་ཚོང་ར་དང་ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན། མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཐུན་མོང་ཐོག་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་གསོ་སྐྱོང་དང་རྒྱ་ཆེར་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར། སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་ཡོ་མི་ཆོས་བརྗེ་རེས་ལོའི་བྱ་འགུལ་རབ་དང་རིམ་པ་ལེགས་པོར་བསྒྲུབ་དགོས། ཀྲུང་གོས་ཡོ་ནན་དེ་གསེར་གྱོམ་རྒྱལ་ཁབ་ཀྱི་རོགས་ཟླའི་རྒྱལ་ཁབ་དུ་འགྱུར་བར་དགའ་བསུ་ཞུ་བ་དང་། ཡོ་ནན་དང་མཉམ་དུ་རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་ལམ་སྲོལ་སྲུང་སྐྱོབ་བྱས་ཏེ། འདྲ་མཉམ་རིམ་ལྡན་གྱི་མཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོངས་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྔར་ལས་མང་པོའི་གཏན་འཇགས་རང་བཞིན་དང་དྲང་ནུས་བསྩོལ་འདོད་ཡོད།
ཧྥན་མིན་ཀྲིན་གྱིས་བསྟན་དོན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཉོ་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་དམ་ཟབ་བྱས་ཏེ། ཕྱོགས་མང་མཉམ་ལས་ཇེ་མང་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་ལེགས་པོ་བྱེད་འདོད་ཡོད།
ཁྲེན་རྨིན་ཨེར་དང་ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba