ན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ་ངོ50ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་མོ་ཙམ་པི་ཁེས་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་བྲག་རྡོ་ལྟར་བརྟན་པོ་ཡིན། ཕྱོགས་གཉིས་གྱིས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་ལག་གདང་སྦྲེལ་ནས་མཉམ་དུ་གོང་འཕེལ་བྱུང་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བསུ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྐུ་ཞབས་སྲིད་འཛིན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་མགོ་ཚུགས་ས་གསར་པར་བྱས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་སྟེ། སྤུས་ཚད་མཐོ་བའི"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་དང་ཨ་ཧྥེ་རི་ཁ་དབུས་མའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ཁྲོད་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།
ཁྲ་པོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་དེ་ཏག་ཏག་མོ་ཙམ་པི་ཁེ་རང་ཚུགས་བྱས་ནས་ལོ་འཁོར50ལོན་པར་འཁེལ་ཡོད་པས། དེས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་གྲོགས་དང་སྤུན་ཟླའི་མཛའ་གྲོགས་མངོན་པར་མཚོན་ཡོད། ཀྲུང་གོའི་ཕྱོགས་གྱིས་རང་ཚུགས་བརྩོན་ལེན་བྱེད་པའི་བགྲོད་ལམ་སྟེང་ཆ་རྐྱེན་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོ་ཙམ་པི་ཁེའི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱ་རྒྱུ་དང་། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱས་པའི་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་རྒྱུན་མཐུད་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་བ། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཞི་བདེ་དང་། བདེ་འཇགས།དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད། །
འཕྲིན་སྟེགས། weikangba