ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐེན་ཅིན་ནས་ཀྲུང་གོ་རུ་དབྱར་དུས་ཏ་ཨའོ་སིའི་གླེང་སྟེགས་ལ་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡའེ་ཧྥུའུ་དང་ཐུག་འཕྲད་གནང་། ལི་ཆང་གིས། གཟའ་འཁོར་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་རྣམ་གཉིས་ཨ་སི་ཐ་ན་ནས་ཞལ་འཛོམས་བྱུང་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་བར་གྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་་བྱུང་ཡོད་ལ། ཀྲུང་གོས་ཁེར་གྷི་སི་ཐན་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་འཕེལ་རྒྱས་ཇེ་དྲག་གཏོང་བ་དང་། ཀྲུང་གོ་དང་ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁེ་སི་ཐན་བར་གྱི་ལྕགས་ལམ་སོགས་མཉམ་སྦྲེལ་མཉམ་མཐུད་ལས་གཞི་སྐུལ་འདེད་ནན་མོ་གཏོང་བ་དང་། འབག་མེད་ནུས་ཁུངས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་བསྐྲུན་ནས། མི་ཆོས་རིག་གནས་སྤེལ་རེས་ཟབ་མོ་དང་། སྔར་བས་ཇེ་དམ་འགྲོ་བའི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་སྒྲིག་འཛུགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་དམ་ཟབ་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་གྱི་ནང་རྐྱེན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ལོན་པར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རང་མོས་ཉོ་ཚོང་དང་འཛམ་གླིང་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་སྲུང་སྐྱོང་བརྟན་པོ་བྱེད་དགོས་ཞེས་གསུངས།
ཁ་སེ་མ་ལི་ཡའེ་ཧྥུའུ་ཡིས། ཁེར་གྷི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། འཛམ་གླིང་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་དང་། ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་དང་མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་མཉམ་ལས་ཟབ་སྤེལ་བྱེད་པ། ཕྱོགས་མང་མཐུན་སྦྱོར་རོགས་རེས་ཇེ་དྲག་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་ཆུ་ཚད་མཐོ་རུ་གཏོང་འདོད་ཅེས་གསུངས།
འཕྲིན་སྟེགས། weikangba