ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་ཙུང་ལི་ལ་ཐུག་འཕྲད་གནང་།

2025-06-25
382

  ཟླ་བ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་དངོས་སུ་འཚམས་འདྲིར་ཕེབས་པའི་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་ཐུག་འཕྲད་གནང་བ་རེད།

  ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་ཡིས་འགན་བསྟུད་མར་བཞེས་གནང་བར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་ཕྱི་འབྲེལ་བཙུགས་ནས་ལོ་སོ་ལྔ་འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱུས་ལོན་དང་བརྩི་བཀུར་ཡང་དག་འཁྱོངས་ནས། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་བརྟན་པོ་དང་བདེ་བླག་ངང་་འཕེལ་རྒྱས་གཏོང་བར་འགན་སྲུང་བརྟན་པོ་བྱས་ཡོད། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་ནི་ཀྲུང་གོའི་དུས་རིམ་སོ་སོའི་འཕེལ་རྒྱས་ཁ་ཕྱོགས་དང་གནད་འགག་ལ་ཐུག་ཡོད་ལ། སུའུ་ཀྲོའུ་བཟོ་ལས་གླིང་སོགས་མཉམ་ལས་གྲུབ་འབྲས་གཡུར་ཟ་་ཐོབ་པས། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་གལ་ཆེན་་དང་། ས་ཁུལ་རྒྱལ་ཁབ་མཉམ་ལས་ལ་དཔེ་སྟོན་ཟབ་མོ་བྱས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ནས་ཉམས་མྱོང་དང་བློ་གྲོས་བསྡུ་ལེན། སྲོལ་རྒྱུན་ཡག་མོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཀྲུང་གོ་དང་སིང་ག་ཕོར་བར་གྱི་མཛའ་བརྩེ་སྔ་ལས་གཏིང་ཟབ་པ་དང་གྲུབ་འབྲས་ཐོབ་པར་བྱ་དགོས་ཞེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་སིང་ག་ཕོར་གྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཁ་ཕྱོགས་ཆེན་མོ་དམ་འཛིན་བྱེད་པ་དང་། འཐབ་ཇུས་མཐོ་ཚད་དང་ཕུགས་ཡུན་རིང་པོ་ནས་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་རྒྱུན་འཛིན་པ་དང་འཕེལ་རྒྱས་གཏོང་ཞིང་། ཁ་ཕྱོགས་མི་འགྱུར་བ་དང་། སྒུལ་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་གོ་དང་སིང་ག་ཕོར་བར་མཛའ་མཐུན་གྱི་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་པ་དང་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་སྣང་བྱེད་ས་གལ་ཆེན་ལ་རྒྱབ་སྐྱོར། ཕན་ཚུན་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་གྱིས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་དགོས། ཀྲུང་གོས་སིང་ག་ཕོར་ཀྲུང་གོའི་འཕེལ་རྒྱས་ནང་ཟབ་ཞུགས་བྱེད་པར་དགའ་བསུ་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་མཉམ་ལས་དང་། ཨང་ཀི་དཔལ་འབྱོར་དང་འབག་མེད་འཕེལ་རྒྱས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ནང་གི་མཚོན་བྱེད་ཅན་གྱི་གྲུབ་འབྲས་ལོན་པ་དང་། ལས་གཞི་གལ་ཆེན་རིམ་སྤར་དང་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་འགྲོ་འོང་དང་། མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཟབ་སྤེལ་བཏང་ནས་ཀྲུང་གོ་དང་སིང་ག་ཕོར་བར་གྱི་མཛའ་མཐུན་མི་དམངས་སེམས་གཏིང་ལ་ཟུག་ཐུབ་དགོས།ཀྲུང་གོས་དུས་ནམ་ཡང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་འཕེལ་ཕྱོགས་ནི་འགོག་ཐབས་མེད་པ་དང་། འཛམ་གླིང་ལ་ཡང་བསྐྱར་བཙན་དབང་རིང་ལུགས་འབྱུང་མི་ཉན་ལ། གདོད་མའི་སྟོབས་ལྡན་གྱིས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པའི་དུས་སྐབས་སུ་ཕྱིར་ལོག་མི་བཅུག་མི་རུང་། ཀྲུང་གོས་སིང་གྷ་ཕོར་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་། དྲང་བདེན་དྲང་གཞག་གི་ཕྱོགས་སུ་ལངས་ནས། མཉམ་དུ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་གུ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་བསྐུལ་ནས། འཛམ་གླིང་ཞི་བདེ་དང་བདེ་འཇགས། འབྱོར་ཕྱུག་ཡར་རྒྱས་ཡོང་བའི་མ་འོངས་པར་སྐྱོད་པར་སྐུལ་སྤེལ་བྱེད་འདོད་ཅེས་གསུངས་པ་རེད།

  ཧོང་ཞུན་ཚའེ་ཡིས། སིང་གྷ་ཕོར་དང་ཀྲུང་གོའི་མཛའ་བརྩེར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱོགས་གཉིས་ཀྱིས་དུས་ནམ་ཡང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ཐོག་འཕེལ་རྒྱས་དང་མཉམ་ལས་ཟབ་མོ་བྱས་ཡོད། སིང་གྷ་ཕོར་གྱི་དབུ་ཁྲིད་རབས་མང་པོས་ཀྲུང་གོའི་བར་གྱི་འབྲེལ་བར་གཙིགས་ཆེར་མཛད་པ་དང་། ཀྲུང་གོ་ནི་ང་རང་འགན་མུས་ཁུར་བྱས་རྗེས་འཚམས་འདྲིར་ཡོང་བའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་ཐོག་མ་དེ་ཡིན་ལ། སིང་གྷ་ཕོར་གྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་། ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་ཡིན། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་སོ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། སིང་གྷ་ཕོར་གྱིས་ཀྲུང་གོའི་འབྱོར་ཕྱུག་འཕེལ་རྒྱས་ཀྱིས་བསྐྲུན་པའི་གོ་སྐབས་ལོངས་སྤྱོད་ཅི་ཐུབ་བྱས་ནས། ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་གཞི་ཁྱོན་རྒྱ་བསྐྱེད། ཨང་ཀིའི་དཔལ་འབྱོར་དང་མིས་བཟོས་རིག་ནུས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད། མི་ཆོས་རིག་གནས་སྤེལ་རེས་ཇེ་མང་བཏང་ནས། སིང་གྷ་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་གཏང་འདོད་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག སིང་གྷ་ཕོར་གྱིས་ཀྲུང་གོ་དང་མཉམ་དུ་ས་ཁོངས་དང་ཕྱོགས་མང་སྟེགས་བུའི་ཐོག་མཐུན་སྦྱོར་མཉམ་ལས་ཇེ་དམ་དང་། མཉམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་རིམ་སྲུང་སྐྱོང་བྱེད་འདོད་ཡོད་ལ། ཀྲུང་གོས་འཛམ་གླིང་ཞི་བདེ་ཡོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་པའི་ཡིད་ཆེས་ཡོད་ཅེས་གསུངས།

ཝང་དབྱི་ཐུག་འཕྲད་ནང་ཞུགས་པ་རེད།

  • 顶