
ཟླ་6ཚེས་18ཉིན་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས་སི་ཁྲོན་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཨུ་ལྷན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ངོ་སྤྲོད་དང་སྒྲོག་འགྲེལ་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་གཏིང་ཟབ་གཏོང་བ་དང་རིག་གནས་ཡུལ་སྐོར་ལས་རིགས་ཇེ་རྒྱས་ཇེ་དར་གཏོང་བར་ཆེད་དོན་ཞིབ་འཇུག་བྱས་པ་དང་། དུས་རིམ་རྗེས་མའི་ལག་བསྟར་དོན་འཁྱོལ་ཐད་ཀྱི་གཙོ་གནད་གང་དག་ཡིན་པ་སོགས་འགྲེལ་བཤད་གནང་།
ཞིང་ཆེན་ཨུ་ལྷན་གྱི་དྲུང་ཡིག་ཆེ་མོ་གཞོན་པ་དབྱང་ལི་ཡིས།སི་ཁྲོན་གཡང་བཅུད་འཛོམས་པའི་གནས་མཆོག་ཞེས་པའི་མཚན་སྙན་བཟང་པོ་ཡོད་པ་དང་།པ་ཧྲུའུ་ནི་གནའ་བོའི་དུས་ནས་རིག་གནས་འབྱུང་ས་དང་།གནམ་འོག་གི་རི་ཆུ་གཙང་གསུམ་མཛེས་ལྗོངས་ལྡན་པ་སོགས་ཀྱི་བཤད་སྲོལ་ཡོད་པས།རྒྱལ་ཡོངས་སུ་གྲངས་འབོར་མང་ཤོས་དང་། རིགས་ཆ་ཚང་ཤོས།གཞི་ཁྱོན་ཆེ་ཤོས།སྤུས་ཀ་མཐོ་ཤོས་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོད་ཡོད་ཅེས་གསུངས།
ཞིང་ཆེན་ཨུ་ལྷན་གྱི་དྲུང་ཡིག་ཆེ་མོ་གཞོན་པ་དབྱང་ལི་ཡིས་ད་དུང་ད་ཐེངས་ཀྱི་ཞིང་ཆེན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁྱབ་ཁོངས་ཡོངས་ཀྱི་ལས་རིགས་ཚང་མའི་གནས་བབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གང་མགྱོགས་ཀྱིས་འཐབ་ཇུས་རང་བཞིན་གྱི་རྒྱབ་རྟེན་ཐོན་ལས་གྲུབ་པར་ནན་ཏན་བྱེད་དགོས་ལ། དེ་ནི་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་སི་ཁྲོན་གྱི་འབྱུང་འགྱུར་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བསྐྲུན་ཏེ་སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ལ་འདེགས་སྐྱོར་དེ་བས་ལེགས་པ་བྱེད་དགོས་པ་ཞིག་རེད་ཅེས་བསྟན།
ཁོང་གིས་ད་དུང་། དུས་རིམ་རྗེས་མར་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་དེ་ཕྱོགས་བཞི་ལ་ཐུག་ཡོད་པ་སྟེ།རིག་གནས་ཡུལ་སྐོར་ཐོན་ལས་ཆེ་རུ་དང་སྟོབས་ཆེར་གཏོང་བ།ལས་རིགས་འཕེལ་རྒྱས་སྣ་མང་ཅན་དང་།ཐོན་རྫས་མཁོ་སྤྲོད་སྔར་ལས་སྤུས་ལེགས་ཡིན་པ།སྤུས་རྟགས་མ་ལག་ཅན་གཏོད་པ།རིག་གནས་ཡུལ་སྐོར་ཁེ་ལས་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ།ཧུར་ཐག་སྒོས་དཔལ་འབྱོར་འཕར་ཚད་གསར་པ་སྐྱེད་སྲིང་བྱ་ཐུབ་དགོས།
པ་ཧྲུའུ་རིག་གནས་ཀྱི་འབྱུང་ཁུངས་ཇེ་ཟབ་ཏུ་བཏང་ནས་ཆུ་ཚད་མཐོན་པོའི་རིག་རྩལ་སྤུས་ལེགས་གསར་རྩོམ་བྱས་ཏེ་རིག་གནས་ཤུལ་བཞག་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་སྤུས་ཚད་མཐོན་པོས་དམ་འཛིན་ཡག་པོ་བྱས་ཏེ།ཚད་གཞི་མཐོ་བའི་ཕྱི་ཕྱོགས་ལ་འགྲེམས་སྟོན་བྱེད་སའི་སྟེགས་བུ་སྐྲུན་ནས་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་སྣ་མང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་རྟག་ཏུ་ཡིད་དབང་འཕྲོག་པར་བྱ་དགོས།
རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་བཏང་སྟེ།འཛམ་གླིང་གི་རིག་གནས་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར་དང་།རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར།ས་ཁོངས་ཡུལ་སྐོར་ལྟེ་གནས་གྲོང་ཁྱེར།ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར།ཐེན་ཧྥུའུ་ཡུལ་སྐོར་གྱི་རྫོང་དང་གྲོང་ཚོ་གྲགས་ཅན་བཅས་གཞི་རྟེན་དུ་བྱས་པའི་ཁྱད་པར་ཅན་གྱི་ས་ཁོངས་འཕེལ་རྒྱས་བཀོད་སྒྲིག་མགྱོགས་མྱུར་ངང་ཆགས་བཅུག་ནས།ཁྲུང་ཆིང་དང་པ་ཧྲུའུ་རིག་གནས་ཡུལ་སྐོར་བར་འབྲེལ་ཟམ་སྐྲུན་དགོས།
རིག་གནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་།ཞབས་ཞུའི་འདུ་ཤེས་བརྟན་པོ་འཛུགས་པ།འགྲོ་སྐྱོད་ཁོར་ཡུག་ལེགས་སྒྱུར་ཤུགས་ཆེན་བྱེད་པ་དང་།ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བ། ཁྲིམས་སྐྱོང་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་བ་སེམས་འགུལ་ཐེབས་པ་དང་བློ་ཡིད་ཚིམ་པའི་སྒོ་ནས་ཕྱིར་ལོག་ཐུབ་པ་བྱ་དགོས།
འཕྲིན་སྟེགས། weikangba