ཝང་ཧུའུ་ཉིང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས་པ།

2025-06-19
402

ཟླ6པའི་ཚེས18ཉིན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་ནས་འབྲེལ་ཡོད་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་སྤེལ་བའི་གཙོ་གནད་རྟོག་ཞིབ་བརྟག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས18ཉིན་པེ་ཅིན་དུ་འཚོགས་ནས། འབྲེལ་ཡོད་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་སྤེལ་བའི་གཙོ་གནད་རྟོག་ཞིབ་བརྟག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཁྱོན་ཡོངས་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་དུ་བཞག་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་གལ་ཆེན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནང་བཏོན་པའི་ལས་འགན་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་འགན་འཁྲི་ཁག་ཁུར་འཁུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

ཝང་ཧུའུ་ཉིང་གིས་འབྲེལ་ཡོད་དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་དང་ཐབས་ཇུས་ཧུར་ཐག་བཏོན་པར་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི“ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཁྲིད་སྟོན་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ་བཅས་ཀྱི་དགོས་ངེས་ཀྱི་དོན་སྙིང་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་ཡིན་ལ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྟོག་ཞིབ་གྲོས་མོལ་དང་བསམ་འཆར་འདོན་པའི་གཏིང་ཟབ་ཚད་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་སྐུལ་འདེད་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་དང་། སྲིད་ཇུས་དོན་འཁྱོལ་ཁྲོད་ཀྱི་འགག་གནད་དང་འགག་གནད་གནད་དོན་ལ་དམིགས་ནས། ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་གྲུབ་འབྲས་ཆགས་པར་བྱས་ཏེ། ཉེར་སྤྱོད་སྤོ་སྒྱུར་གྱི་ལས་དོན་ཡག་པོར་བསྒྲུབ་དགོས། སྲིད་ཏང་གི་གྲོས་མོལ་སྤུས་ཚད་དང་སྲིད་གྲོས་གྲོས་གཞི་འདོན་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། གཙོ་གནད་རྟོག་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་བརྟག་ཞིབ་ལ་བརྟེན་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་རྒྱ་ཁྱབ་ཏུ་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།

དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན་དང་། དམངས་གཙོ་འཕེལ་རྒྱས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ངོ་སྤྲོད་བྱས་པ་མ་ཟད། ཐོན་ལས་གསར་པ་དང་རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེ་འཕེལ་དང་། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་གྲངས་གཞི་ཅན་དུ་འགྱུར་བའི་རིགས་སྒྱུར་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་གསར་གཏོད་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་དངོས་སྒྲུབ་དང་གནད་ལ་འཁེལ་བའི་སྲིད་ཇུས་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་གནང་། ཧྲའོ་ཧུང་དང་། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་ཚོགས་འདུར་ཞུགས། རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་གྲོས་མོལ་སྤེལ་རེས་བྱས། །


  • 顶